༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ཀུན་འདུས། > རི་མོ། 图画艺术 > 1
1
གཡུང་དྲུང་བོན་དང་འབྲེལ་བའི་བོད་ཀྱི་རི་མོའི་བྱུང་བ་མདོ་ཙམ་བརྗོད་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-11] [རྩོམ་པ་པོ།:དམུ་ར་དགེ་བཤེས་བསྟན་འཛིན་ཡེ་ཤེས།] [གཟིགས་ཐེངས:]

     བོད་གངས་ཅན་ལྗོངས་འདིར་དར་བཞིན་པའི་རི་མོ་སྒྱུ་རྩལ་ལམ་ཐང་གའི་སྒྱུ་རྩལ་འདི་ལ། བྱེའུ་སྒང་ལུགས། སྨན་ལུགས་དང་། མཁྱེན་ལུགས། ཀརྨ་སྒར་བྲིས་ལུགས་སོགས་རི་མོའི་གྲུབ་མཐའ་བཞིར་ཡོད་པ་བཤད། དེའི་ནང་ནས་སྨན་ལུགས་ནི་དར་ཁྱབ་ཆེ་ཞིང་རྗེས་འཛིན་མང་ཤོས་ཡིན་ཟེར། སྨན་ལུགས་འདི་སྨན་བླ་དོན་གྲུབ་རྒྱ་མཚོ་ཡིས་བྱིའུ་སྒང་ལུགས་གཞིར་བཞག་སྟེ་བྲིས་ཚུགས་ལེགས་བཅོས་བྱས་ནས་གྲུབ་པ་ཞིག་ཡིན་འདུག  བྱིའུ་སྒང་ལུགས་ནི་དུས་རབས་བཅུ་གསུམ་པའི་ནང་དུ་ལྷ་རིས་པ་ཡར་སྟོད་སྤྲུལ་སྐུ་བྱིའུ་སྒང་བ་ཞེས་པའི་བྲིས་རྒྱུན་ལ་ཟེར། ད་ཡོད་ཆོས་ཕྱོགས་ཀྱི་ལོ་རྒྱུས་ཁག་ཏུ་ཁོང་ནི་བོད་ལ་རི་མོའི་གྲུབ་མཐའ་བཟུང་མཁན་ཐོག་མ་དེ་ཡིན་པ་བཤད་ཀྱང་། ཁོང་གི་སྐོར་བཤད་དུས་མཚན་ཐོགས་ཚུལ་དང་དུས་ཚོད་སོགས་ཁ་གསལ་ཡོད་ནའང་དགེ་རྒན་སུ་ལ་བསྟེན་པའི་སྐོར་བྲིས་པ་མེད་པ་ནི་གྲུབ་མཐའི་ཕྱོགས་ཞེན་དབང་གིས་ཨེ་ཡིན་སྙམ། དཔའ་བོ་གཙུག་ལག་ཕྲེང་བས། བི་ཤྭ་ཀརྨས་བསྟན་པའི་བཟོ་མཐའ་དག་གི་བསྟན་བཅོས་ཡོད་རིག་ཀྱང་བོད་དུ་འགྱུར་བར་མ་སྣང་། ཞེས་གསུངས་པ་ལ་གཞིག་ན། བྱིའུ་སྒང་ལུགས་འདི་རྒྱ་གར་ནས་དར་བའི་བཟོ་རིག་གི་གཞུང་ལ་གཏུགས་པ་མ་ཡིན་པར་བོད་སྔ་རབས་ནས་དར་བའི་རི་མོ་ལག་རྩལ་ལམ་ཞང་ཞུང་བོན་ལུགས་ཡིན་པར་གདོན་མི་ཟ། བོད་རྒྱལ་གནམ་གྱི་ཁྲི་བདུན་དང་བར་གྱི་ལྡིང་གཉིས་སོགས། བོད་རྒྱལ་བཙན་པོའི་རིམ་བྱོན་སྔ་རྗེས་སུ་བོན་གྱི་ཤེས་པ་ཅན་བཅུ་གཉིས་དང་ཞང་ཞུང་གི་མཁས་པ་བརྒྱ་རྩ་བརྒྱད་སོགས་བོད་དུ་ཕེབས་ཏེ་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་བོད་ཁམས་འདི་བོན་གྱིས་ས་བཀབ་པ་ལྟ་བུ་དར་རྒྱས་སུ་བྱུང་ཡོད་ཅིང་འདི་དག་གི་རིང་དུ་ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། སྐུ་སྲོག་སྲུང་བའི་གཤེན་རེ། འདྲེན་པའི་དཔོན་གསས་རེ། ཐུགས་དམ་གྱི་བོན་རེ། བྱ་བཞག་ཐབས་ཀྱི་གསས་མཁར་རེ་བྱུང་བ་དང་འདུ་གནས་སོ་བདུན་སོགས་བཞེངས་ཡོད་པས་དེ་དུས་བོད་ཀྱི་ཡུལ་འདིར་བཟོ་རིག་པའི་ལག་རྩལ་དར་རྒྱས་ཆེ་སྒང་ཡིན་པ་དོན་གྱིས་གྲུབ། དེང་གི་དུས་སུ་བོད་ཡུལ་དུ་གཟི་དང་སྦུག་ཆལ་སིལ་སྙན་སོགས་མཆོད་ཆས་རྙིང་པའི་རིགས་མང་པོ་དང་། རྡོ་བརྐོས་རི་མོ་སྣ་ཚོགས་དང་གླེགས་ཤིང་དང་ཙ་ཀ་ལི་རྙིང་པའི་རིགས་ལ་རི་མོ་ཞིབ་ཚགས་སུ་ཡོད་པ་འདི་དག་ཀྱང་ནང་ཆོས་མ་དར་བའི་གོང་ནས་ཡོད་པ་དེང་གི་ཚན་རིག་པས་ཀྱང་བདེན་དཔུང་བྱེད་ཐུབ་པ་ཤ་སྟག་ཡིན་པས། བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ཁུངས་ནི་བོད་རང་ས་ནས་དར་རྒྱས་བྱུང་བའི་བོན་གྱི་ཤེས་རིག་ལ་ཐུག་པ་འདི་དག་གིས་གསལ་བཤད་དང་བདེན་དཔང་བྱེད་ཐུབ་པ་ཡིན། དེ་ལྟར་ན་ཞང་ཞུང་ལུགས་ཀྱི་རི་མོ་དང་ཐང་གའི་སྒྱུར་རྩལ་འདིའི་འབྱུང་ཁུངས་སྟོན་པ་གཤེན་རབ་མི་བོ་ཡིན་ལ། སྟོན་པ་གཤེན་རབ་མི་བོའི་སྐོར་མང་པོ་ཞིག་གིས་རྩོད་པ་ཟློ་བཞིན་འདུག་ཀྱང་། ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པའི་བདེན་དཔང་ནི། ཁོང་གི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་དང་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཁག  ཏུན་ཧོང་ཡིག་རྙིང་སོགས་ལས་གསལ། ལ་ལས་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་དེ་ལྷ་སྒྲུང་བཟོ་རུ་སྒྲོག་ཅིང་། ཁ་ཅིག་གིས་ནི་བོད་པ་མིན་པའི་སྒྲུབ་ཨེ་ཐུབ་ལ་ལྟ་བཞིན་འདུག་སྟེ། བོད་རིགས་ཡིན་པ་མ་ཟད་ཁོང་གི་འཁྲུངས་ཡུལ་གངས་ཏི་སེ་རྒྱུད་ནས་ཡིན་པ། མདོ་འདུས་ལས། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་འགོ  རི་བོ་སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་པོ་དགུ་འདུས་ཀྱི་ར་བ་སྟེ། ཆུ་བོ་པཀྵུ་དང་ནི་སིདྷུས་བཅད་པ། ཞེས་ཁོང་སྐུ་འཁྲུངས་པའི་ཡུལ་ངོས་འཛིན་གནང་ཡོད།

སྐུ་འཁྲུངས་བའི་དུས་ནི། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མ་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་ཞེས་བོན་གྱི་མཁས་པ་ཀུན་ཀྱི་ཞལ་གཅིག་མཐུན་ཡིན། དེ་ལྟར་སྟོན་པ་གཤེན་རབ་མི་བོ་བོད་རང་ཡུལ་དུ་སྐུ་འཁྲུངས་ཤིང་རང་ས་ནས་བསྟན་པ་རྒྱ་ཆེར་སྤེལ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུས་ན། མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་རིག་པའི་གནས་ཆེ་བ་ལྔ། ཐེག་པ་རིམ་པ་དགུ། བོན་སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་སོགས་བོན་འཁོར་རྒྱ་ཆེར་བསྐོར་བའི་ཐོག་མར་སངས་རྒྱས་བསྟན་པའི་གཞིར་གྱུར་ཞིང་། གཞན་རྗེས་སུ་བཟུང་པའི་ཕྱིར། ཐོག་མར་བཟོ་རིག་པ་གསུངས་པ་ཡིན་ཏེ། དྲི་མེད་གཟི་བརྗིད་ལས། དེ་ཡང་ཕྱི་རིག་པ་དང་། ནང་རིག་པ་དང་། གསོ་བ་རིག་པ་དང་། སྒྲ་རིག་པ་རྣམས་ནི། ད་རུང་བསྟན་པའི་དུས་ལ་མ་བབ་ཅིང་མི་འབྱུང་ལ། བཟོ་རིག་པ་ནི། ལྷའི་བུ་ཁྱེད་དང་བདག་ནི་སྔོན་ནས་སྨོན་ལམ་མཐུན་པས། ཁྱེད་ཀྱི་ཐུགས་སུ་ཆུད་པར་གྱིས་ཤིག ཕྱི་རབས་ཀྱི་གང་ཟག་རྣམས་ལ་ཡང་། དཔེར་བསྟན་པར་གྱིས་ཤིག ཅེས་པ་ནས། གར་མ་ལི་ཤོས་གསོལ་བ། །རྒྱལ་བུ་སྟོན་པ་གཤེན་རབ་ལགས། །རྒྱུ་འབྲས་བདེན་པའི་བོན་རྣམས་ནི། དུས་དང་སྐབས་ལ་མ་བབ་ཅིང་། །ད་རུང་འཆད་པའི་ཐབས་མེད་ན། །སྔོན་དུ་ཤེས་རབ་བློ་སྦྱོང་ཞིང་། །རིག་པའི་གནས་ལ་བསླབ་དགོས་ན། །བདག་ལ་བཟོ་རིག་ལུང་སྩལ་པ། །བཟོ་ཡི་རིགས་ལ་དུ་ཞིག་མཆིས། །ཆག་ཚད་ལག་ལེན་ཅི་ལྟར་ལགས། །བདག་ཅག་འཁོར་ལ་བཤད་དུ་གསོལ། །ཞེས་གསལ་བས། སྟོན་པ་གཤེན་རབ་ལ་སུས་ཞུས་ཏེ་བཟོ་རིག་ཇི་ལྟར་གཏན་ལ་ཕབ་པ་སོགས་རྒྱས་པར་གསུངས་ཡོད། བཟོ་རིག་པ་ལའང་རྣམ་པ་ལྔར་བསྟན་ཏེ། མདོ་དྲི་མེད་གཟི་བརྗིད་ལས། བཟོ་ལ་རྣམ་པ་ལྔ་ཡིན་ཏེ། །དྲ་ཞིང་དྲུབ་དང་བཞོག་ཅིང་སྦྱར། །བཞུ་ཞིང་བླུག་དང་བརྡུང་ཞིང་འཐར། །བྲི་ཞིང་བཀོད་དང་རྣམ་པ་ལྔ། །ཞེས་པ་ལྟར། དྲ་བ་དང་དྲུབ་པ། བཞོག་པ་སྦྱར་བ། བཞུ་བ་དང་བླུག་པ། བརྡུང་བ་འཐར་བ། བྲི་བ་དང་བཀོད་པ་བཅས་ཟུང་ལྔ་དང་ཡ་བཅུ་ཡི་སྒོ་ནས་བསྟན།

ལྔ་བ་བྲི་ཞིང་བཀོད་པ་ལ། རི་མོ་དང་བཀོད་པ་གཉིས་བསྟན་ཞིང་། བོད་ཀྱི་ཐང་ག་འབྲི་ལུགས་ནི་རི་མོ་འབྲི་ལུགས་ལས་བྱུང་། བཀོད་པ་ནི། དེང་གི་དུས་སུ་བོད་ཡུལ་དུ་ཆེས་ཆེར་དར་བའི་མཆོད་རྟེན་དང་གཞའ་ཡས་ཁང་སོགས་ཀྱི་བཀོད་པ་འདི་དག་ཡིན། རི་མོ་ནི་མདོ་དྲི་མེད་གཟི་བརྗིད་ལས། རི་མོ་དག་ལ་རྣམ་པ་གསུམ། །ལྷ་སྐུ་ཡིག་འབྲུ་སྣ་ཚོགས་གསུམ། །དང་པོ་ལྷ་ཡི་ཆག་ཚད་ལ། །ཡེ་ཤེས་ལྷ་དང་འཇིག་རྟེན་ལྷ། །ཡེ་ཤེས་ལྷ་ལ་རྣམ་པ་བརྒྱད། །བོན་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ཞི་དང་ཁྲོ་དང་འགྱིང་པ་གསུམ། །དགྱེས་དང་འཛུམ་ཚུལ་གཉིས་དང་བརྒྱད། །ཅེས་སོགས་ཀྱིས། རི་མོའི་སྡེ་ཚན་ལས། ལྷ་ཡི་ཆག་ཚད་དང་རྣམ་འགྱུར། ལུས་ཀྱི་སྟངས་སྟབས་དང་བཞུགས་ཚུལ། ཞི་རྒྱས་དབང་དྲག་གི་རྣམ་པ། ཚོན་གྱི་རྣམ་གྲངས་དང་སྦྱོར་སྟངས། སྐུ་ཡི་མདངས་འཆར་སྟངས་དང་ལྷ་སྐུ་འབྲི་བཞེངས་སྐབས་སུ་སྐྱོན་ཡོན་གྱི་བླང་དོར་སོགས་མདོ་དྲི་མེད་གཟི་བརྗིད་ལས་རྒྱས་པར་གསུངས། སྟོན་པ་གཤེན་རབ་མི་བོ་ཞལ་བཞུགས་པའི་སྐབས་སུ་བཟོ་རིག་པའི་འབུམ་གསུམ་གསུངས་ཏེ་བཟོ་ལ་མཁས་པ་བཟོ་རྒྱལ་གར་མ་ལི་ཤོ་ལ་གཉེར་གཏད་མཛད། དེ་ནས་རིམ་བཞིན་མཁས་པ་མི་དྲུག་བྱོན་ཏེ། བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་། ཕུབ་ལ་མཁས་པ་རྫུ་འཕྲུལ་དབང་ཕྱུག བླུགས་ལ་མཁས་པ་བླུགས་ཐོག་བ་ཝ། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་བཅས་ཀྱིས་འཇིག་རྟེན་གྱི་ཁམས་སྔར་བྱུང་མ་མྱོང་བའི་བཟོ་རིག་པའི་ལག་རྩལ་མང་དུ་འཕེལ། ཞང་ཞུང་རི་མོའི་བྲིས་རྒྱུན་དེ་ལ་དུས་ཚོད་ཀྱི་དབང་གིས་ཞང་ཞུང་གི་བྲིས་རྒྱུན་རྙིང་པ་དང་གསར་མ་གཉིས་ཡོད་པ་བཤད་ཅིང་། བྲིས་རྒྱུན་རྙིང་པ་ནི་ལྷ་ལ་མཁས་པ་ལྷ་སྲས་པད་མ་ནས་དར་ཁྱབ་བྱུང་བའི་ཞང་ཞུང་སྒོ་པའི་ཕུགས་པ་སོགས་ནས་མཐོང་རྒྱུ་ཡོད་པའི་སྡེབས་རིས་དང་བྲག་བརྐོས་རི་མོ་སོགས་ལ་ངོས་འཛིན་བྱས་ཡོད། གསར་མ་ནི། བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་ལྷ་ཁྱུང་རྒྱལ་ཞེས་པ། སྤྱིར་ན་བཟོ་རིག་ལ་མཁས་ཤིང་ཡང་སྒོས་རི་མོ་ལ་མཁས་པ་ཞིག་བྱུང་བ་དེའི་བྲིས་རྒྱུན་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ནས་བཟུང་སྟེ་ད་ལྟའི་ཁྱུང་པོ་ཡུལ་ནས་ལྡོང་མདོ་ཚང་ཞེས་སྐད་གྲགས་ཆོད་པའི་ལྷ་བྲིས་རྒྱུད་པའི་བར་དུ་རྩི།

རྒྱུད་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་སུ་བཤད་ཡོད། རིང་བརྒྱུད་ནི། སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ནས་བཟུང་སྟེ། བཟོ་རྒྱལ་གར་མ་ལི་ཤོ་དང་། རྒྱུན་དྲུག་མཁས་བཞི། བླ་ཆེན་ཡབ་སྲས། སེ་ལྡེ་མེ་གསུམ། སྟང་ཆེན་དམུ་ཚ་གྱེར་མེད། སྤྲུལ་སྐུ་བློ་ལྡན་སྙིང་པོ། དེ་ནས་ད་ལྟ་བར་དུ་ཁྱུང་པོའི་ཡུལ་གྱི་ལྷ་བྲིས་མཁས་ཅན་རྣམས་ཀྱི་བར་དང་། ཉེ་བརྒྱུད་ནི་སྟང་ཆེན་དམུ་ཚ་གྱེར་མེད་ནས་བརྒྱུད་པའི་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་དང་། ཁོང་གིས་བརྒྱུད་པའི་སློབ་ཚོགས་རྣམས་སོ། །

དེ་ལྟར་བོན་གྱི་ཤེས་རིག་ནི་མི་ལོ་བརྒྱ་ཕྲག་བཅུ་གསུམ་ཙམ་ལ་འཕྲང་ལམ་དོག་མོ་བརྒལ་ཤིང་མ་ཉེས་ཁ་ཡོག་གི་ཕམ་ཁ་ཚད་མེད་མྱངས་བས། ཕ་མེས་ཡང་མེས་ཀྱི་ལོ་རྒྱུས་སྒྲོག་ཕོད་པ་ལྟ་ཅི་ཐ་ན་རང་ཉིད་ཀྱང་བོན་པོ་ཡིན་ཟེར་མི་ཕོད་པའི་དུས་ངན་འདི་འདྲ་བརྒྱུས་ཏེ་ཡོང་དུས། ཡང་མེས་གོང་མ་དག་གི་མཛད་རྗེས་ཡི་གེར་བཀོད་པ་ཆེས་ཉུང་ཞིང་མཐོང་དཀོན་པས་གོང་སྨོས་བླ་མ་འདི་དག་གི་རི་མོའི་སྒྱུ་རྩལ་ཐད་ནས་དམིགས་བསལ་གྱི་ལོ་རྒྱུས་ཁ་གསལ་གཏིང་གསལ་མེད། འོན་ཏེ་བོན་གྱི་ལོ་རྒྱུས་ཡིག་ཆ་ལ་རྒྱུས་མངའ་ཆེ་ཞིང་སྤྱི་རྒྱ་རླབས་གཅོད་བྱེད་པའི་བློ་ཁོག་ཡངས་ན། ད་གཟོད་གོང་སྨོས་བླ་མ་དག་ནི་སྤྱིར་ན་རིག་པའི་གནས་མཐའ་དག་དང་ཡང་སྒོས་བཟོ་དང་རི་མོའི་ལག་རྩལ་ལ་མཁས་པ་ཡིན་པ་ངེས་ཤེས་རྙེད་རྒྱུ་རེད། གང་ལྟར་བོད་ཀྱི་རི་མོ་འདི་ནི་སྟོན་པ་གཤེན་རབ་མི་བོས་ཡུལ་ཞང་ཞུང་ནས་སྤེལ་ཏེ་བོད་ཀྱི་ཡུལ་གྲུ་མཐའ་དག་ལ་སྣུམ་གྱིས་གོས་ཟིན་པ་ལྟར་རིམ་གྱིས་ཁྱབ་སྟེ་དར་འཕེལ་བྱུང་བ་ཞིག་ཡིན་པ་གདོན་ཟ་མི་དགོས་ཤིང་། དེའི་རྒྱུད་འཛིན་ལའང་ད་ལྟའི་བར་དུ་རྒྱུད་པ་ཟམ་མ་ཆད་བར་གནས་ཡོད། ཞང་ཞུང་ལོ་རྒྱུས་འཆད་སྐབས་སུ་སྒོ་ཕུགས་བར་གསུམ་ཞེས་དབྱེ་བ་འབྱེད་པ་ཡིན་ལ། དེང་གི་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་ཁུངས་ནི་ཞང་ཞུང་སྒོ་པའི་ལྟེ་བར་གྲགས། ཡུལ་འདིར་ཞང་ཞུང་ནས་བརྒྱུད་པའི་རིག་གནས་སྤྱི་དང་ལྷག་དོན་ཏུ་ཞང་ཞུང་གི་ལྷ་བྲིས་ལག་རྩལ་དར་ཁྱབ་ཆེ་ཞིང་སྒྱུ་རྩལ་བླ་རུ་འཕགས་ཡོད། ཕྱི་ལོ ༡༩༨༠ ལོར་ལྷ་ས་ལ་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ལྷ་རིས་སྒྱུ་རྩལ་མཁས་ཅན་རྣམས་བསྡུས་ཤིང་། འགྲན་རྩོད་ཀྱི་བྱེད་སྒོ་རུ་ཁྱུང་པོའི་ཡུལ་གྱི་ལྷ་རིས་པ་ལྡོང་མདོ་ཚང་ཚེ་རིང་གཡང་འཕེལ་ཞུ་བ་ཁོང་གིས་ལྷ་རིས་མཁས་ཅན་གཞན་རྣམས་ཕམ་པ་བརྒྱབ་སྟེ། ཁོང་ལ་ཨང་དང་པོ་ཆབ་མདོའི་ཆེན་མོ་བ་ཞེས་པའི་མཚན་སྙན་བཞེས། ཁོང་ནི་ལྡོང་མདོ་ཚང་གི་ལྷ་རྒྱུད་འཛིན་པའི་དབུས་མཛད་མི་རབས་བདུན་པ་དེ་ཡིན་ཞིང་ཁོང་གི་ཡང་མེས་དག་ཀྱང་ལྷ་རིས་སྒྱུ་རྩལ་ལ་མཁས་པའི་གྲགས་པ་ཐོབ་པ་ཤ་སྟག་ཡིན། དེང་དུས་ཁྱུང་པོ་ཡུལ་དུ་ལྷ་རིས་སྐད་གྲགས་ཅན་ཚང་མ་ཁོང་གི་སློབ་རྒྱུད་དུ་གཏོགས་པ་ཤ་སྟག་ཡིན། ཕྱི་ལོ ༢༠༠༣ ལོར་སྐྱབས་རྗེ་ཡོངས་འཛིན་ཆེན་མོ་སྨན་སློབ་བསྟན་འཛིན་རྣམ་དག་མཆོག་གིས་མཐུན་སྦྱོར་འོག་ཏུ་ཁྱུང་པོ་སྟེང་ཆེན་རྫོང་དུ་ཁྱུང་ཡུལ་རི་མོའི་སློབ་གྲྭ་དངོས་སུ་བཙུགས་ཏེ་ཞང་ཞུང་གི་རི་མོའི་སྒྱུ་རྩལ་སྔ་ལས་ལྷག་པའི་ཡར་རྒྱས་བྱུང་ཡོད། ལྡོང་མདོ་ཚང་གི་ལྷ་བྲིས་སྒྱུ་རྩལ་དེ་བོན་པོ་ཕལ་ཆེར་བས་མཐོང་ཆེན་རྩི་བཞིན་པའང་ཡུལ་དང་ལུང་པའི་ཕྱོགས་ཞེན་ཙམ་གྱིས་མ་ཡིན་པར་ལྡོང་མདོའི་ལུགས་དེ་བོན་གཞུང་མདོ་རྒྱུད་དང་མཐུན་པས་ཡིན། ལྷ་ཡི་ཆག་ཚད་དང་དཀྱིལ་འཁོར་ཐིག་རྩ་སོགས་ཀྱིས་མཚོན་པའི་རི་མོ་རྒྱུ་རྩལ་སྐོར་གསལ་བའི་བོན་གཞུང་ནི། མདོ་དྲི་མེད་གཟི་བརྗིད་དང་། གསང་སྔགས་གནད་ཀྱི་རྫོང་འཕྲང་། ཡི་དམ་རང་རང་གི་སྒྲུབ་གཞུང་རྣམས་སུ་ལྷའི་ཆག་ཚད་དང་དཀྱིལ་འཁོར་གྱི་ཐིག་རྩ་སོགས་ཞིབ་གསལ་འཁོད་ཡོད། དཔེར་ན། ཁྲོ་བོའི་རྒྱུད་དྲུག་ལས། ཡང་ན་རི་མོའི་རྒྱུ་བཞི་ལས། །རས་དང་རྩིག་ངོས་ཤིང་ཤུན་དང་། །གྲོ་ག་དག་ལ་བྱ་བའོ། །ཡང་ན་འབུར་དུ་དོད་པའམ། །ལུགས་སུ་བླུགས་དང་འཇིམ་པ་ལ། །འདོམ་གང་ལ་སོགས་ཚད་དུ་བྱ། །ཞེས་སོགས་ཀྱིས་མཚོན་ནུས་པ་ཡིན་ནོ། །མདོར་ན་ད་ལྟའི་དར་བཞིན་པའི་ཞང་ཞུང་ནས་རྒྱུད་པའི་ལྷ་བྲིས་སྒྱུ་རྩལ་ལམ་ཁྱུང་པོ་ཡུལ་གྱི་རི་མོ་དང་ཐང་གའི་འདི་དག་ལ་འཇམ་མཉེན་ཆེ་ལ། ཞི་རྒྱས་དབང་དྲག་གི་ཉམས་འགྱུར་མངོན་པ་དོད་པ། ཁྲོ་བོ་དང་ཁྲོ་མོ་རྣམས་གར་གྱི་སྟངས་སྟབས་དང་མེ་རི་མེ་དཔུང་རྔམ་བརྗིད་ཆེ་བ། གཟབ་ནན་གྱིས་བལྟས་ན་རི་མོ་ཞིབ་ཚགས་ཆེ་ཞིང་ཡིད་ལ་དྭངས་བ་འདྲེན་པའི་སྤྲོ་སྣང་སྟེར་ཐུབ་པ། ཐོག་གི་སྤྲིན་རིས་མཛེས་ལ། བར་དུ་གནམ་ས་གཉིས་ཀྱི་མཐོངས་གསལ་བ། འོག་གི་ཡུལ་ལྗོངས་དང་མེ་ཏོག་རྣམས་བཀྲག་མདངས་དང་མཛེས་ཉམས་ཆེ་ལ་སྙིང་དུ་སྡུག་པ། འདོད་ཡོན་གྱི་རི་མོ་རྣམས་མཛེས་ཉམས་ཆེ་ལ་མཐོང་འདོད་པ་སོགས་གཞན་ལས་འཕགས་པའི་ཁྱད་ཆོས་དུ་མ་མངའ་བ་ཡིན་ཞེས་བཤད་དོ། །

ཞེས་གཡུང་དྲུང་བོན་དང་འབྲེལ་བའི་བོད་ཀྱི་རི་མོའི་བྱུང་བ་མདོ་ཙམ་བརྗོད་པ་འདི་ནི་བོད་ཀྱི་རི་མོའི་ལོ་རྒྱུས་སྤྱི་ཁོག་ཙམ་ཞིག་ཟུར་དུ་ཕྱུང་སྟེ་བློ་གསར་དོན་གཉེར་ཅན་ལ་སྔ་མེད་བློ་དཔྱད་གསར་པ་རེ་བཞག་ཐུབ་པའི་རེ་བ་དང་བཅས། དམུ་རའི་དགེ་བཤེས་མིང་ཙམ་ཁུར་བ་བསྟན་འཛིན་ཡེ་ཤེས་པས ༢༠༡༧/༥/༢ ཉིན་མཇུག་གྲུབ་པར་བྱས།

 

 





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།