༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 13
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 1 རོང་བའི་དམངས་སྲོལ།
1 རོང་བའི་དམངས་སྲོལ།
བྱ་གཞག་བཟང་པོར་གཡུར་ཟའི་གྲུབ་འབྲས་ཐོབ་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-04] [རྩོམ་པ་པོ།:དཔལ་རྒྱལ།] [གཟིགས་ཐེངས:]


    བཟོ་རིག་གི་རྒྱལ་པོ་རི་མོའི་སྒྱུ་རྩལ་ནི་ཡུལ་དུས་དང་སྐད་བརྡ་ཡི་བཀག་རྒྱ་གང་ཡང་མེད་པར་མིག་ལྡན་ཀུན་གྱིས་ཐད་ཀར་རོལ་མྱོང་བྱེད་ཆོག་པའི་མིག་ཡིད་ཀྱི་ལོངས་སྤྱོད་ཆེན་མོ་ཞིག་ཡིན།  གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཆེན་པོ་བཞི་དང་།  ཏི་སེའི་གངས་ཆུ་ལས་མཆེད་པའི་ཆོས་ལུགས་སྣ་ཚོགས་ཀྱི་ལྟ་གྲུབ་ཏུ་གྲགས་པའི་སྣང་ཚུལ་ཐམས་ཅད་ཀྱི་མཚོན་ཐབས་གཙོ་བོ་ནི་རི་མོ་ལ་བཅོལ་འདུག།   དེང་གི་ཆར་ནི་བརྙན་པར་སྒྱུ་རྩལ་གྱི་བསྟན་པ་ནི་དགུང་དང་མཉམ་པའི་དུས་རབས་ཡིན་མོད།  བརྙན་པར་འཕྲུལ་ཆས་ཀྱིས་བླངས་པའི་ནང་ནས་མཛེས་ཆ་མ་ལུས་གཅིག་ཏུ་འཛོམས་པ་ནི་རི་མོའི་སྒྱུ་རྩལ་ཁོ་ན་ཡིན་པས།  རི་མོ་དང་རི་མོ་བ་གང་དུ་ཡོད་ན་དེ་རུ་བརྙན་ལེན་པ་ཡང་དབྱར་ཁ་ཤ་ལ་སྦྲང་ནག་འཁོར་བ་ལྟར་ཡོད་དོན་ཡང་དེར་ཐུག་ཡོད།  དེ་དང་དེ་ལྟའི་ཡུལ་དུས་གང་ལའང་སྒྱུ་རྩལ་གྱི་ཡང་རྩེར་བསྙེགས་པའི་རི་མོའི་སྒྱུ་རྩལ་གྱིས་གནའ་དེང་སྐྱེ་བོ་མཆོག་དམན་བར་མ་ཀུན་གྱི་ཡིད་ཁམས་བརྟན་པ་དབང་དུ་སྡུད་ཡོད།  ཡིན་ནའང་།   རི་མོའི་སྒྱུ་རྩལ་ལ་ཚུལ་བཞིན་དུ་འཇུག་ཤེས་མཁན་ཉུང་ངུ་ཙམ་ལས་མེད་ལ།  ལས་རིགས་དེར་རྒྱབ་སྐྱོར་གྱི་ལག་པ་རིང་ཙམ་བསྲིངས་ཐུབ་པའི་སྐྱེ་བོ་ཆ་རྐྱེན་ཅན་དང་ཀུན་སློང་ལྡན་པ་ནི་ཤིན་ཏུ་དཀོན་ནའང་།  དེ་ལྟའི་མཛད་པ་ལྷུར་ལེན་མཁན་ཁྱོན་ནས་མེད་པའང་མིན་ཏེ།  དཔེར་ན།   ཁྱུང་ཡུལ་རིག་པའི་གདན་ས་ཞེས་སྙན་གྲགས་ཀྱི་མེ་ཏོག་ཕྱོགས་ཀུན་ནས་གཏོར་སའི་ཡུལ་གྲུ་དེར།  སྔར་ནས་ཞང་བོད་ཀྱི་གནའ་བོའི་བཟོ་ཡི་རིག་པའི་སྒྱུ་རྩལ་གྱི་ཁྱད་ཡོན་གྲ་མ་ཉམས་ཤིང་།  གྲུ་མ་ཆག་པར་བསྐྱངས་མཁན་ལྷ་བཟོའི་ཁྱིམ་རྒྱུད་ཆེན་པོ་འགའ་ཞིག་ཡོད་ཅིང་།  དེང་གི་ཆར་ཡང་བཟོ་རྒྱལ་གར་མ་ལི་ཤོའི་རྣམ་སྤྲུལ་དང་།  བི་ཤྭ་ཀརྨའི་རྒྱལ་ཚབ་ཏུ་བགྲངས་ཀྱང་མ་ཆོག་པ་ཆེར་མེད་པར་སྙམ་པའི་ཡལ་འདབ་ལྔ་པའི་སྒྱུ་འཕྲུལ་ལ་མངའ་བརྙེས་པའི་ལྷ་རིས་མཁས་ཆེན་མང་པོ་འཚོ་ཞིང་བཞུགས་ཏེ་འཕྲིན་ལས་ཀྱང་རབ་ཏུ་འཕེལ་བའི་སྟབས་ཀྱིས་ཁྱུང་པོའི་ལྷ་རིས་སྒྱུ་རྩལ་གྱི་སྙན་པ་མུ་མཐུད་ཡོངས་ལ་ཁྱབ་པ་མ་ཟད།  གོང་གི་འབྲེལ་ཡོད་སྡེ་ཁག་གིས་གཟེངས་རྟགས་དང་མིང་ཐོབ་བསྟུད་མར་བསྩལ།   བར་གྱི་ཆེད་ལས་མཁས་དབང་རྣམ་པས་གདེང་འཇོག་ཧ་ཅང་མཐོན་པོ་གནང་།   འོག་གི་མང་ཚོགས་ཀྱི་ཡི་རངས་ཆེན་པོ་ཐོབ་པ་སོགས་མདོར་ན།  ཁྱུང་ཡུལ་དུ་དར་བའི་ཞང་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་འཕེལ་རླབས་ཆེན་མོ་དགུང་ལ་འཕྱུར་ཞིང་སྤྲིན་ལ་མཉམ་ཡོད།   དེ་ལྟར་ད་ལྟ་ཡང་ཁྱུང་ཡུལ་དུ་ཆེས་ཕུལ་དུ་བྱུང་བའི་ལྷ་རིས་མཁས་ཆེན་འགའ་ཞིག་འཚོ་ཞིང་བཞུགས་པ་དེ་དག་ལས་དེ་རིང་འདིར་སྐབས་སུ་བབས་པའི་གླེང་བྱ་ནི།  ལྷ་རིས་ཀྱི་དབུ་མཛད་ཆེན་མོ་བུ་འབུམ་དང་གསང་སྐྱབས་བུ་སྤུན་གཉིས་དང་འབྲེལ་བའི་ལྷ་རིས་བྱ་གཞག་གི་སྐོར་ཡིན།  ཁོང་རྣམ་གཉིས་ཀྱིས་བྲིས་པའི་ཐང་ཀ་ལ་ཉེ་བའི་ལོ་འགའི་ནང་དུ་ལྗོངས་དང་ཞིང་ཆེན་རིམ་པ་སོགས་འབྲེལ་ཡོད་སྡེ་ཁག་གི་གཟི་བརྗིད་ལག་ཁྱེར་མང་པོ་ཐོབ་ཡོད་པ་ལས་འདིར་དཔེར་མཚོན་ཙམ་རེ་གཉིས་དྲངས་ན།

    དབུ་མཛད་ཆེན་མོ་བུ་འབུམ་གྱིས་བྲིས་པའི་གདུགས་དཀར་ལ་བོད་ལྗོངས་ཆབ་མདོ་ཡི་སྐབས་དང་པོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་འགྲེམས་སྟོན་ཐོག་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།    དཔལ་ལྡན་ལྷ་མོའི་ཐང་ཀ་ལ་སྐབས་བརྒྱད་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་འགྲེམས་སྟོན་ཐོག་གཟི་བརྗིད་ལག་ཁྱེར་ཐོབ།།

     ལྷ་རིས་དབུ་ཆེན་སྲུང་སྐྱབས་ཀྱིས་བྲིས་པའི་རྨ་རྒྱལ་སྤོམ་རའི་ཐང་ཀ་ལ་སྐབས་དང་པོའི་ཀྲུང་གོའི་ཐང་ཁ་འགྲེམ་སྟོན་༽ཐོག་རྩེར་སོན་གྱི་གཟེངས་རྟགས་ཐོབ།  ཁོང་གིས་བྲིས་པའི་༼སྨྲ་སེང་རིགས་ལྔ་༽ལ་སྐབས་གཉིས་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་བརྩམས་ཆོས་ལ་འདེམས་ཐོན་བྱུང་སྟེ་གཟེངས་རྟགས་ཐོབ།།

    ཡང་གསང་སྐྱབས་དང་སྐལ་བཟང་བསྟན་པ་དགེ་སློབ་གཉིས་ཀྱིས་བྲིས་པའི་ཐང་ཀ་༼གསེར་མདོག་གི་ཐང་ཆེན་༽ཞེས་པ་དེ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མཛེས་རིས་འགྲེམས་སྟོན་ནང་དུ་ཚུད་ཅིང་།  ལག་ཁྱེར་ཐོབ་པ་སོགས་མདོར་ན།    ལྷ་རིས་ཀྱི་དགེ་རྒན་གཉིས་ཀྱིས་གཙོས་པའི་དགེ་སློབ་ཚོས་བྲིས་པའི་ལྷ་རིས་ཀྱི་བརྩམས་ཆོས་ལ་རིམ་ཁག་ལས་ཁུངས་སྣ་ཚོགས་ཀྱི་གཟེངས་རྟགས་དང་།   སྒེར་གྱི་རྒྱ་ཆེའི་མཛད་སྤྲོད་པའི་ཡིད་ཆེས་ཆེན་པོ་ཐོབ་ཡོད།།  དེ་བཞིན་དུ་ཁོང་དབུ་མཛད་བུ་སྤུན་གཉིས་ཀྱིས་ལོ་མང་པོའི་གོང་ནས་༼ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་༽ཞེས་པའི་ཐང་ཀ་འབྲི་སྦྱོང་བྱེད་ས་ཞིག་བཙུགས་ནས་སྐལ་ལྡན་གྱི་སློབ་བུ་55ལ་ཐིག་ཆ་ཚད་དང་།  སོལ་སྐྱ་རིས།  ཚོན་བསྲེ་བྱུགས།  མདངས་སྤྱན་འབྱེད་སོགས་ལྷ་རིས་ཀྱི་ཤེས་བྱ་ཕྲ་རགས་ཀུན་ལེགས་པར་བསླབས་པའི་འབྲས་བུར།  སྤྱིར་སློབ་མ་ཡོངས་ཀྱི་མཛེས་དཔྱོད་ཀྱི་ཞིང་སར་རི་མོའི་སྒྱུ་རྩལ་གྱི་ས་བོན་བཟང་པོ་བཏབ་ཡོད་ཅིང་།  སྒོས་སུ་དེ་དག་ལས་ཡང་རྩེར་སོན་པའི་ལྷ་རིས་པ་ཉི་ཤུ་སྐྱེད་སྲིང་བྱས་ཡོད་པའི་ནང་གི་བདུན་གྱིས་བྲིས་པའི་རི་མོ་ལ་༼ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་དུས་ཆེན་༽ཐོག་གཟེངས་རྟགས་ཐོབ་པ་དང་།  ཐང་ཀ་འབྲི་བཞེངས་བྱེད་པར་རང་མགོ་ཐོན་པ་20བྱུང་ཡོད་པ་དང་།  དགེ་ཕྲུག་15ཙམ་གྱིས་ད་དུང་ཡང་མུ་མཐུད་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱེད་ཞོར་ཡོང་འབབ་གསོག་བཞིན་ཡོད།།   དེ་ལྟ་བུའི་གྲུབ་འབྲས་ཆེ་ཞིང་མང་བ་ཐོབ་པའི་ལམ་བུའི་ཁྲོད་དུ་སྤྱི་ཚོགས་ཐོག་གི་མི་སྣ་སྣ་ཚོགས་དང་།  ཡུལ་དེའི་མང་ཚོགས་ཀྱི་ཡི་རངས་དང་དགའ་བསུ་ཆེན་པོ་ཐོབ་ཡོད།།



    ཡང་སྒོས་སུ་ལས་རིགས་དེར་རྒྱབ་སྐྱོར་གྱི་ཕྱག་ཟུང་བསྲིངས་ཐུབ་པའི་སྐྱེ་བོ་ཆ་རྐྱེན་དང་ཀུན་སློང་གཉིས་ཀ་ལྡན་པའང་རེ་འགའ་བྱུང་ཡོད་པ་དཔེར་ན།  སྟེང་ཆེན་དགོན་གྱི་དབུ་བླ་ཆེན་མོ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་ལོ་གསུམ་ལ་སྦྱིན་བདག་མཛད་ཡོད་ལ། ཚོང་པ་ཆེན་མོ་ཆེ་རྒྱུད་གཡང་ལྷུག་དང་ནག་རྩ་བཀྲ་ཤིས་ཉི་མ་གཉིས་ཀྱིས་དེ་སྔ་ལོ་གཉིས་ཀྱི་ཁང་གླ་དང་དབྱར་སྟོན་གྱི་འགྲོ་གྲོན་བཏང་འདུག།  དེ་ལྟར་ཁོང་རྣམ་པའི་ལྷག་བསམ་དག་པའི་རྒྱབ་སྐྱོར་རོགས་རམ་འོག་ཏུ་ལྷ་རིས་སློབ་གླིང་གི་དགེ་སློབ་ཚང་མས་འབད་བརྩོན་མཐུན་སྒྲིལ་ཟུང་དུ་སྦྲེལ་ཅིང་།  རྣམ་དཔྱོད་དང་ལག་རྩལ་གཅིག་ཏུ་བསྡེབས་ནས་ཐང་ཀ་འབྲི་སྦྱོང་གི་སློབ་གྲྭའམ་ ༼ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་༽གི་རྒྱུན་བསྐྱངས་པ་དེས།   ཞང་བོད་མཐོ་སྒང་འདིའི་རིག་གནས་སྒྱུ་རྩལ་མ་ཉམས་གོང་འཕེལ་དང་།  ཉམས་པ་སོར་ཆུད་ལ་རབ་ཏུ་ཕན་ཞིང་།  ལོ་ཆུང་གཞོན་ནུ་མང་པོ་ཞིག་ཤེས་བྱའི་ནོར་གྱིས་ཕྱུག་པོའི་ལམ་བཟང་ཐོག་བཀོད་པ་སོགས་མདོར་ན་ཁོང་རྣམ་པས་སྤྱི་ཚོགས་ལ་ཞབས་ཞུའམ་ངེས་དོན་གྱི་དགེ་བ་རླབས་ཆེན་བསྒྲུབས་འདུག།

   __ ཅེས་པའི་གནས་འཕྲིན་འདི་ནི་ཁྱུང་པོ་དཔལ་རྒྱལ་ནས་སྤྱི་ལོ་2016 ལོའི་ཟླ་བ་8པའི་ཚེས་བཟང་ཞིག་ལ་སྣང་བ་དགའ་མོའི་ངང་ནས་བྲིས་ཏེ་སྤེལ་བ་འདི་ཡང་བཟོ་རིག་གི་བསྟན་པ་རྒྱས་པའི་གྲོགས་སུ་གྱུར་ཅིག།





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།