༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 7 ཚེས 2
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
ཡུང་མ་དཀར་དམར།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-12-04] [རྩོམ་པ་པོ།:རྔུལ་ཚའི་བུ་ཕྲུག] [གཟིགས་ཐེངས:]

     ཡ་ཐོག་རང་བྱུང་ཁམས་ལས་སྨིན་པའི་བཅུད།

      བཅུད་ལྡན་ཕུང་ཁམས་གསོ་བ་སྨན་གྱི་མཆོག །

        མཆོག་གྱུར་བསླད་མེད་དྭངས་གཙང་བཟའ་བཏུང་གང་།

     གང་ཞིག་འཚོ་བའི་གསེབ་ནས་དྲན་ལྷང་ལྷང་།།


   འཛམ་གླིང་སྒང་པ་བོད་ཁུལ་གྱི་ཡུལ་འབྲོག་མི་མང་གི་འཚོ་རྟེན་དུ་འདེབས་འཛུགས་བྱེད་པའི་ཡུང་མ་ནི། དུས་རབས་ནམ་ཞིག་ཙམ་དུ་མེད་པ་དེ་ཡོད་པ་ཡོད་པ་དེ་དར་ཁྱབ་ཐུན་མོང་གིས་བཀོལ་སྤྱོད་བྱས་པ་མ་ཤེས་ཀྱང་། ཡེ་སྔོན་ནས་མེས་པོ་ཤེས་ལྡན་ཡོངས་ཀྱིས་གདེང་འཇོག་གནང་ནས་མི་ཟོག་སུ་ཞིག་གིས་རོལ་ན་འབྱུང་ཁམས་གང་ལ་མི་གནོད་ཅིང་ཕན་བདེའི་ནུས་ཤུགས་ཧ་ཅང་མཐོ་བའི་ཚད་དུ་ངོས་འཛིན་གནང་ནས་དབྱར་དགུན་སྟོན་དཔྱིད་གང་དུ་སྤྱོད་ཅིང་བཀོལ་ན་དགེ་མཚན་ཆེ་ཞིང་འཇུ་སླ་ལ་ཕུང་ཁམས་སྙོམ་པོར་གནས་ཏེ་འཚོ་བཅུད་རན་ཞིང་འཚམ་པར་ཐུན་མིན་གྱི་ཁྱད་བོན་དུ་མ་ལྡན་པའི་དང་ལེན་མཛད་པ་ཡིན།

微信图片_20191204152709.jpg

   འདེབས་འཛུགས་ཀྱི་ས་གནས་ལ་ངེས་ཅན་མེད་ནའང་མང་ཕལ་ཆེར་བོད་ཁུལ་གྱི་འཚོ་འཕགས་ 3000 —4500 ཡས་མས་སུ་བེད་སྤྱོད་གཏོང་བ་ཡིན་ཏེ་དུས་ཚོད་ས་བབ་མཐོ་དམན་གྱིས་གཏན་ཁེལ་མེད་ཀྱང་། དཔྱིད་སྨད་སོས་སྟོད་ཙམ་དུ་སོ་ནམ་བྱེད་ཅིང་སྟོན་ཁ་འབབ་ཡོང་བསྡུ་རུབ་ཀྱིས་ལས་དོན་བསྒྲུབས་ཤིང་མཇུག་སྒྲིལ་བ་ལགས། དཔྱིད་ལས་སྐབས་སུ་ལུད་བླུག་པ། འགྲེམ་པ། ཞིང་རྨོ་བ། ཡུང་སོན་འདེབས་པ། ཤ་ལ་དྲུད་པ། འགག་སྒོ་གཏན་པ་བཅས་གོ་རིམ་ཡོད་པའི་ཐོག་ནས་བཀའ་དྲིན་མཚོན་པ་བྲལ་བའི་ཉམས་མྱོང་ཅན་གྱི་ཞིང་པ་རྣམ་པས་སོན་འདེབས་སྐབས་བཤད་པ་སྨོན་ཚིག་ཡིད་འཕྲོག་པར་རྒྱག་བཞིན་འབད་འབུངས་བྱེད།

   དབྱར་དུས་ཡུར་མ་ཡུར་བ་དང་ལྡུམ་བུ་བསལ་བ་ཟ་ཟོག་བཀག་པ་སོགས་ཀྱིས་མཚོན་མུ་ནས་མུ་རུ་མཐུད་དེ་སྟོན་ཀར་སླེབས་དུས་ཡུང་མ་འབལ་བ། ཡུང་ཕོན་བཞག་པ། འགེལ་བ། སྤུངས་པ། ཡུང་རྐེ་རྡེག་པའམ་གཅོད་པ། ལོ་མ་སྐྱི་རྙིད་པ། གཅུ་བ། ལོ་རའི་སྟེང་དུ་འགེལ་བ་ནས་རིམ་བཞིན་བཀོལ་སྤྱོད་གཏོང་བ་ཡིན། ཡུང་མ་རྡེག་སྐབས་ཆེ་བ་ལ་གཤག་གུ། འབྲིང་བ་ལ་དགུན་ཡུང་། ཆུང་བ་ལ་འབུ་ཧྲུག་བཅས་ཀྱིས་དབྱེ་འབྱེད་བྱེད་དེ་ཆེ་བ་དེ་སྐྱི་རྙིད་དུས་གཤགས་ཏེ་གླང་མ་ནག་མཉེན་དུ་བསྟར་ཕྲེང་བརྒྱུས་ཏེ་གཤག་རའི་སྟེང་དུ་བཀལ་ཏེ་སྐམ་དུས་ཉར་ཚགས་བྱ་དགོས།

  དགུན་ཡུང་ནི་དོང་བྲུ་སྟེ་ས་འོག་ཏུ་མི་འཁེང་བར་བྱ་ནས་དགུན་ཁར་ཆོ་ལེ་བཙོ་ནས་སྐོལ་བ་དང་རྔོ་བ་སོགས་ལས་རིགས་སྣ་ཚོགས་ལ་བརྟེན་ཏེ་མིས་ཟ་བ་དང་བེའུ་སེར་ལ་རྗེན་པ་སྤྲད་པའི་ལུགས་སྲོལ་ཡོད། འབུ་ཧྲུག་ཡུང་ཁྲི་སྟེང་དུ་སྐམ་སྟེ་ར་ལུག་དང་རྨོས་མཛོ་སོགས་ལ་བཞིན་པ་དང་གཤག་གུ་དང་འབུ་ཧྲུག་ནི་ཁ་ཚོས་ཞེས་པ་རླངས་བཙོ་བྱེད་དེ་ཚོས་པ་དང་ག་ལེར་རིམ་བཞིན་ཉུང་ཉུང་ཟོས་ན་ལ་དུག་དང་རླུང་ལངས་པ་ལ་ཧ་ཅང་ཕན་པོ་ཡོད་པར་བཤད།

微信图片_20191204152650.jpg

  ས་ཆ་མཐོ་དམན་དང་ཉིན་སྲིབ་ལུད་ཤས་ཆེ་ཆུང་ས་ཡི་ཁྱད་པར་ལས་བྲོ་བ་མངར་བ་དང་ཁ་བ་སོགས་ཁྱད་པར་ཆེན་པོ་ཡོད། དབྱར་གཞུང་དང་དབྱར་སྨད་དུས་སུ་དེའི་ལོ་མ་ལ་ལོ་འགོ་བརྗོད་པ་དེ་འཐོག་སྟེ་འཚོད་པ་དང་རྔོ་བར་བྱེད་ནས་རོལ་བ་དང་སྐམ་སྟེ་དགུན་ཁར་རོལ་ན་བྲོ་བ་ཞིམ་ཞིང་འཚམ་པོའང་ཡོད། ཐུག་པ་དང་མཉམ་དུ་སྤྱོད་ན་སྔོ་ཐུག་གམ་སྔོ་བག་ཚ་དང་ཆོ་ལེ་བག་ཚ་ཡང་བརྗོད་ལ་ཡུལ་ལུང་གི་ཁྱད་པར་གྱིས་ལས་སྣོན་བྱེད་སྟངས་མི་འདྲ་བའི་རིགས་མང་པོར་སྣང་། ཡུང་མ་དང་ལོ་མ་དེ་དག་སྒོ་ཕྱུགས་རིགས་ལ་གཟན་ཆས་མཆོག་ཏུ་གྱུར་པའི་བརྩི་མཐོང་ཆེ་བ་མ་ཟད་ཟ་རྒྱུ་འབོར་ཆེན་མེད་ཀྱང་མི་ནོར་གང་གི་དྲི་མ་སྣོམ་པ་དང་རྐེ་ལ་འདོག་ན་ཕན་ནུས་མཐོ་རླབས་འཕྱུར་བ་ཡང་བསྙད་ཅིང་སྲོལ་རྒྱུན་ཡང་ལྡན།

  སྐམ་པོ་ལ་ཡུང་སེར་དང་རློན་པ་ལ་ཡུང་དཀར་ཡང་ཟེར་དེ་གཉིས་ཀྱི་བར་ལ་བྲོ་བ་འགྱུར་ལྡོག་བྱུང་བར་བརྟེན་ཕན་ནུས་འགྱུར་བ་ཡོད་མེད་ངེས་གཏན་མ་ཤེས་ཀྱང་ཡོད་ན་ཅི་ཤེས་སྙམ།

  གང་དེ་ཞིམ་པ་དང་གོ་ཆོད་པའི་ཚད་ནི་སྲོལ་རྒྱུན་གྱི་གཏམ་དཔེ་ལ། ཆོ་ལེ་ཤ་ཆིས་ཨ་ཉོག་ཕོ་ཁ་འགས། ཞེས་ཞིམ་ཆེ་བས་ཕྲུ་གུ་ཚོས་ཟ་ཚོད་འཛིན་དཀའ་བ་དང་། ཆོ་ལེ་བོད་ཀྱི་ཇ་ཆེན། ཇ་མེད་ན་ཆོ་ལེས་ཇ་གོ་ཆོད། ཅེས་རིག་པ་དྭངས་ཤིང་སྐོམ་ལྟོག་གི་ཚོར་བ་མཉམ་དུ་སེལ་ཐུབ་པའི་ནུས་སྟོབས་ཡོད་པར་བཤད་ཅིང་། དམིགས་བསལ་གྱི་ཕན་ནུས་ནི་སྨན་གཞུང་དང་འཁྲུངས་དཔེ་ལས་ཞིབ་མོར་བསྟན་ཡོད་པར་སྙམ་སྟེ་ཡུལ་འབྲོག་མི་མང་གིས་སྤྱི་བཀོལ་གང་དག་ཕྲན་གྱིས་ཤེས་ཚོད་ཙམ་དུ་བྲིས་པ་ལས་དཔེ་བཤུས་ཀྱི་ཐུགས་སོན་ཞུ་བའི་སྤོབས་པ་བསྐྱུངས་སོ།།

未标题-1.jpg

    ཐོག་མའི་དུས་ནས་ཚེ་སྲོག་གཅེས་སྤྲས་ཀྱི།

     འདུ་ཤེས་མ་ལག་ཉམས་མྱོང་གྲོགས་བརྟེན་ཏེ།

    ཟས་སྤྱོད་སྤང་བླང་གཟབ་ལ་ཆེས་བྲིན་པ།

     མེས་པོའི་སྲོལ་བཟང་ངལ་མེད་འཛིན་ནུས་ཤོག །


   ཞེས་རུ་ཚ་དགེ་བསྟན་དར་གྱི་གསུང་ངོ་མ་ལྡོག་ཙམ་དུ་གཞོན་དུས་ཞིང་འབྲོག་གི་བག་ཆགས་ཅུང་མཐུག་པ་ཁྲ་རྒན་རྔུལ་ཚའི་བུ་ཕྲུག་གིས་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་ཤར་ཟུར་འབྲུ་རིགས་ཤིང་འབྲས་རྩི་ཐོག་སྣ་མང་གིས་སྤྲས་པ་རིའི་འདབས་རོལ་སྐྱེད་ཚལ་ཉམས་དགའ་བའི་གླིང་། དཔར་འདེབས་བཟོ་གྲྭའི་ཉལ་ཤག་བདེ་སྐྱིད་ཁང་བཟང་ནས་2019/12/4/  ༡༠/༨ ཉིན་བྲིས་པ་འདིའང་སྲོལ་རྒྱུན་གྱི་ཟས་བཟང་མི་ཉམས་གོང་འཕེལ་དུ་འགྲོ་བའི་རྐྱེན་དུ་གྱུར་ཅིག་གུ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།