༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 7 ཚེས 2
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 5 ཤིས་ཚིག
5 ཤིས་ཚིག
༡ དཔོན་གསས་བླ་མ་མཆོད་པའི་སྤྲིན་ཚོགས།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-01-28] [གཟིགས་ཐེངས:]


微信图片_20200128142350.jpg

ཤེས་རབ་ཀྱི་ལྷ་ཆེན་པོ་མི་ཡི་གཟུགས་སུ་བྱོན་པའི་སྟོན་པ་མཆོག་

བརྟནབཞུགས་གསོལ།།



ཚུལ་ཁྲིམས་དགེ་རྒྱས། 


སྤྲིན་གྱི་བང་རིམ་བརྩེགས་པའི་འཇའ་གུར་དབུས།།

མཛེས་སྡུག་སྲིད་ན་ཟབ་པའི་ཤེས་རབ་ལྷ།།

མི་ཡི་གཟུགས་སུ་ཕེབས་པའི་ཡོངས་འཛིན་བཤེས།།

དད་གསུམ་ཡིད་ཀྱི་གསེར་ཏོག་རིན་པོ་ཆེ།།


དང་པོ་སློབ་དཔོན་མཁས་པའི་ཐུགས་བཅུད་བླངས།།

བར་དུ་བསྟན་འགྲོའི་མཛད་འགན་ཁུར་བཞེས་མཛད།།

དེ་ནས་རྣམ་ཀུན་རང་རིག་ཉམས་ལེན་བསྲེས།།

བླ་མའི་བླ་མ་ཡོངས་འཛིན་རིན་པོ་ཆེ།།


སྐུ་ཡི་ལང་ཚོ་གུར་ཀུམ་འདབ་ལོས་མཛེས།།

གསུང་དབྱངས་རང་སྒྲ་འཕྲུལ་ངག་བོན་སྐད་སྙན།།

ཐུགས་མཆོག་ཟབ་གསང་ཡེ་ཤེས་རྣོན་པོས་ཕྱུག།

གསང་གསུམ་བསྟན་པའི་བདག་ཉིད་རིན་པོ་ཆེ།།


ཕྱི་རྒྱུད་སྤོང་ལམ་འདུལ་བའི་མདོ་དོན་ལ།།

རྣམ་འབྱེད་མཁྱེན་པའི་སྟོབས་ཀྱིས་རབ་འཇལ་ཏེ།།

ཡེ་གཤེན་དབུ་མའི་ལྟ་དགོངས་གནད་འབྱིན་པའི།།

རྣམ་དག་དཀའ་ཐུབ་སློབ་དཔོན་རིན་པོ་ཆེ།།


ནང་རྒྱུད་སྒྱུར་ལམ་སྔགས་ཀྱི་གཞུང་བཟང་ལ།།

ཟག་མེད་དགོངས་པའི་སྟོབས་ལས་འཁྲུངས་པ་ཡི།།

འགྲེལ་དང་ཆ་ལག་རྒྱུད་དོན་ངོ་མཚར་ཅན།།

རྣལ་འབྱོར་རིག་པ་འཛིན་པ་རིན་པོ་ཆེ།།


གསང་རྒྱུད་གྲོལ་ལམ་རྫོགས་པ་ཆེན་པོའི་བོན།།

རང་རིག་རང་ཤར་ཀློང་ནས་འདོམས་པ་ཡི།།

ཉམས་ཁྲིད་མན་ངག་གནད་ཀྱི་མངའ་བདག་ཆེ།།

ཡང་རྩེ་ཐེག་པའི་དཔོན་གསས་རིན་པོ་ཆེ།།


གང་སྐུ་གཡུང་དྲུང་ལང་ཚོ་བསྐལ་བརྒྱར་བརྟན།།

གང་གསུང་བོན་གྱི་འཁོར་ལོས་ས་གསུམ་ཁྱབ།།

གང་ཐུགས་པད་མ་དཀར་པོའི་བཞེད་དོན་ཀུན།།

གང་དག་ཡིད་བཞིན་ནོར་བུ་དངོས་སུ་སྨོན།།



ཚུལ་ཁྲིམས་དགེ་རྒྱས་པས། 

༢༠༢༠  / ༡ / ༢༦



གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་

དགུང་གྲངས་གོ་ལྔར་ཕེབས་པའི་རྟོགས་བརྗོད་

གསེར་གྱི་ཞུགས་མར།



གསེར་གྱི་ཁ་བ།

ཀུན་འདུས་སྐྱབས་ལ་ཕྱག་འཚལ་ལོ།།

རྣམ་ཐར་ཚིགས་སུ་བཅད་པ་ཞིག།

སྒོ་གསུམ་འདུན་པ་དྲག་པོ་ཡིས།།

དད་སྤྲོའི་ངང་ནས་འབྲི་བར་བགྱི།།

ངོ་མཚར་གནས་མཆོག་ཁྱུང་ཡུལ་ཞིང་།།

མཚོ་ལ་གསེར་ཉ་འཁྱིལ་འདྲའི་ནུབ།།

ཁམས་ཉིན་ཞེས་པའི་ས་ཡི་ཆར།།

སྐུ་མཚན་མེ་ཏོག་བཞད་སའི་གནས།།

ཡབ་མཚན་དྲེ་བོ་དཔག་བསམ་གྱིས།།

ལྡོང་བཟའ་ག་ཆུང་བག་མར་བསུས།།

རྟེན་འབྲེལ་ལྟས་བཟང་དུ་མའི་ལྷན།།

བུ་གཅིག་འཁྲུངས་པ་ལྷ་ཡི་སྲས།།

སྐུ་ན་ཆུང་ཡང་རང་རྒྱུད་དུལ།།

ངན་དགུ་གཡོ་རྫུན་གཤིས་ཀ་མེད།།

སྐྱེས་བུ་དམ་པའི་ངང་ཚུལ་ལས།།

མི་འདས་པ་ཡི་སྐྱེས་མཆོག་ཅིག།

ཁོང་གི་ཁུ་བོ་དམ་པ་ཡིས།།

ཤེས་བྱའི་གཞི་མ་འབྲི་ཀློག་བསླབས།།

རིག་པ་གསལ་ཞིང་བརྟན་པའི་མཐུས།།

གང་ཡང་མི་བསྙེལ་ཐུགས་སུ་ཆུད།།

ཨ་མྱེ་ལྷ་རྒན་གཡང་འཕེལ་གྱིས།།

ལྷ་རིས་རི་མོ་རྩེར་སོན་བསླབས།།

སྟེང་ཆེན་ཉེ་འདབས་དགོན་པ་ཡི།།

ལྡེབས་ངོས་ལྷ་འབྲི་ཤིང་ཚོན་ལ།།

ལས་རོགས་ཚད་ལྡན་མཛད་པ་ཡི།།

སྒྱུ་རྩལ་མཁས་པའི་སྐྱེས་བུ་ཞིག།

གཡུང་དྲུང་དཔལ་རི་དགོན་པ་ལ།།

ཕེབས་ཏེ་ལྷ་འབྲི་ཤིང་ཚོན་མཛད།།

གྲུབ་ཆེན་བཟོད་པ་རིན་པོ་ཆེས།།

མ་འོངས་བསྟན་བདག་ལ་གཟིགས་ཏེ།།

གྲུབ་ཆེན་བླ་མས་སྐུ་ཁྲུས་ཀྱིས།།

ཡང་ནས་བསྐྱར་དུ་གནང་པ་འོ།།

བླ་མ་གོང་མའི་རྣམ་ཐར་སོགས།།

གསུངས་ནས་ཁོང་ལ་གཅེས་སྤྲས་བྱས།།

ཡུལ་གྲོགས་ལོངས་སྤྱོད་ལ་སོགས་ལ།།

སྐྱོ་སྐྱེས་ངེས་མེད་འགྲིམ་པ་འཁྲུངས།།

༡༠

གྲྭ་ས་གཡུང་དྲུང་གླིང་དགོན་གྱིས།།

ལྡོང་མདོ་ཚང་ལ་ཞུས་པ་བཞིན།།

ལྷ་བཟོ་རྣམ་པའི་ལྷན་དུ་ལ།།

ཁོང་ཉིད་གྲྭ་ས་བར་མར་ཕེབས།།

༡༡

གཡུང་དྲུང་གླིང་གི་འཚོགས་ཁང་དུ།།

འགོ་ནས་མཇུག་གི་བར་དུ་ལ།།

ལྷ་འབྲི་ཚོན་རིས་གང་དགོས་ལྟར།།

ཅི་གསུངས་དེ་བཞིན་ལེགས་པར་གྲུབ།།

༡༢

དེ་དང་དེ་ཡི་བར་སྐབས་སུ།།

དཔོན་སློབ་དགེ་སློང་རྣམ་གཉིས་མདུན།།

དབང་ལུང་ཁྲིད་སོགས་དུ་མ་གསན།།

སློབ་དཔོན་བཟང་རྒྱལ་དྲུང་དུ་བཅར།།

༡༣

རྩོད་པ་རྣམ་འབྱེད་མཚན་ཉིད་ཀྱི།།

ཁ་དོག་དཀར་དམར་རིག་ལམ་དག།

ལྷག་ཏུ་ནན་ཏན་བྱས་ནས་སྦྱངས།།

བར་ཤིག་གྲྭ་ས་སྨན་རིར་ཕེབས།།

༡༤

དགེ་རྒན་རྣམ་གཉིས་སོགས་དྲུང་དུ།།

གཙང་མ་གཙུག་ཕུད་སྡོམ་པ་བཞེས།།

ལོ་དེར་སྟོད་ཕྱོགས་བལ་ཡུལ་སོགས།།

བསྐོར་མཇལ་བྱས་ཏེ་གཡུང་གླིང་འབྱོར།།

༡༥

དགོན་དེའི་དཔོན་སློབ་གསར་པའི་མདུན།།

རིག་ལམ་བསྡུས་གྲྭའི་རྣམ་གཞག་དང་།།

ལུང་རྟོགས་རྒྱ་མཚོའི་ནག་རྩིས་སོགས།།

ལྔ་བསྡུས་སྦྱངས་མཐར་ཕྱིན་པར་མཛད།།

༡༦

ཉི་མ་ལྷ་སར་ཕེབས་པའི་ཞོར།།

འགྲུ་སྒོམ་བླ་མའི་ཞལ་མཇལ་ནས།།

བྱ་རི་མ་ཡི་ཚེ་དབང་དང་།།

ཨུད་པལ་རྒྱན་ཕྲེང་ལུང་ཡང་གསན།།

༡༧

སྐབས་ཤིག་གྱེར་མཚོའི་དོ་ལ་བཞུགས།།

ཡོངས་འཛིན་ཆེན་མོ་ཚུལ་རྒྱན་དྲུང་།།

གཏུགས་ཏེ་དཀར་རྩིས་གཟའ་ལྔ་དང་།།

རིག་གནས་བརྡ་དག་གཞི་མ་བཟུང་།།

༡༨

དབྱངས་ཅན་སྒྲ་མདོ་སྡེབ་སྦྱོར་དང་།།

ཕྱི་ནང་དཀྱིལ་འཁོར་མ་ལུས་པ།།

ལྷ་བསྐང་ཟློག་གླུད་བཅས་པ་ཡི།།

ནམ་ཀ་འདྲེན་ལུགས་དག་པར་སྦྱངས།།

༡༩

བསྙེན་སྒྲུབ་གཞི་ལམ་འབྲས་བུ་ལ།།

མི་འདྲ་འདེབས་དང་དབྱངས་རྟ་རེ།།

རྒྱལ་བ་བྲུ་ཡི་རིང་ལུགས་ལྟར།།

རིན་ཆེན་ཆུན་པོ་མགུལ་དུ་བརྒྱན།།

༢༠

ལུང་དང་དབང་ཁྲིད་དུ་མ་གསན།།

གཞུང་གི་རྩ་བ་ཐུགས་ལ་བཅོལ།།

སྔོན་འགྲོ་སྨིན་པར་བྱས་པ་དང་།།

འོད་གསལ་མུན་མཚམས་ཞེ་དགུར་བཞུགས།།

༢༡

ཡོངས་འཛིན་ཚུལ་རྒྱན་ཞལ་གསུང་ལྟར།།

སྨན་རིར་ཕེབས་ཏེ་སྒྲིག་ལ་ཞུགས།།

ཧོར་སློབ་སངས་རྒྱས་བསྟན་འཛིན་མདུན།།

བསྡུས་རྟགས་བློ་གསུམ་རིམ་བཞིན་སྦྱངས།།

༢༢

ཚད་མ་ཕར་ཕྱིན་ཐེག་རིམ་འགྲེལ།།

དབུ་མཛོད་འདུལ་བ་མ་རྒྱུད་སོགས།།

སྔགས་ཀྱི་སྐོར་སོགས་རིམ་པ་བཞིན།།

ཉིན་མཚན་དབྱེར་མེད་བརྩོན་པ་གནང་།།

༢༣

ཁྱད་པར་སྙན་རྒྱུད་བཀའ་ཉམས་གཉིས།།

གལ་མདོ་རྫོགས་ཆེན་གཞུང་རྣམས་ལ།།

གོ་ལོ་ཐོས་ལོ་ཙམ་མིན་པའི།།

ཚིག་དོན་ཤ་ཆོད་རུས་ཆོད་མཛད།།

༢༤

མཁར་སྣའི་རྒྱལ་ཚབ་དམ་པའི་ལྷན།།

མང་འདུས་རྒྱ་མཚོའི་དབུས་དཀྱིལ་དུ།།

རྩོད་རྒྱུགས་དམ་བཅའ་ཆེན་མོ་བཞུགས།།

དགེ་བའི་བཤེས་གཉེན་མཚན་རྟགས་བཞེས།།

༢༥

བརྒལ་རྟགས་རིག་པའི་གནད་དག་ལ།།

ཕུལ་དུ་ཕྱིན་པའི་ལན་གྱིས་བརྒལ།།

ཐམས་ཅད་མགྲིན་པ་གཅིག་ཏུ་སྡེབ།།

ཀུན་གྱིས་བསྔགས་བརྗོད་འོས་པར་མཛད།།

༢༦

མཁན་སློབ་རྣམ་པས་སྨན་རི་བའི།།

སློབ་དཔོན་ཁྲི་རུ་མངའ་གསོལ་མཛད།།

མཁན་ཆེན་ཉི་མ་དབང་རྒྱལ་དྲུང་།།

དག་པ་དྲང་སྲོང་སྡོམ་ཁྲིམས་བཞེས།།

༢༧

གཞན་ཡང་རྒྱལ་ཚབ་མཁན་ཆེན་དང་།།

དམུ་གཤེན་འཛམ་གླིང་སོགས་མདུན་ནས།།

ཕྱི་ནང་གསང་གསུམ་བཀའ་དབང་སོགས།།

བཞེས་ནས་བསྟན་པའི་མངའ་བདག་གྱུར།།

༢༨

དེ་ནས་བཟུང་སྟེ་ལོ་མང་རིང་།།

མདོ་སྔགས་སེམས་གསུམ་བསྟན་པ་དང་།།

རིག་གནས་བཅས་པ་བོན་འཁོར་བསྐོར།།

རྒྱལ་གཤེན་བསྟན་པ་ཕྱོགས་བཅུར་སྤེལ།།

༢༩

ཤར་ནུབ་ཁག་ལ་གནས་པ་ཡི།།

སློབ་ཚོགས་སྟོང་ཕྲག་མང་པོ་ཡི།།

ཤེས་རྒྱུད་བོན་གྱིས་བཀྲོལ་བར་མཛད།།

ཀུན་གྱི་དད་པའི་མགོན་དུ་གྱུར།།

༣༠

ཞོར་དུ་སངས་རྒྱས་བསྟན་འཛིན་དྲུང་།།

གཞུང་ལུགས་གནད་རྣམས་བཀའ་ཁྲིད་ཞུས།།

མདོ་སྔགས་རྫོགས་ཆེན་ཁག་རྣམས་དང་།།

རིག་གནས་བཅས་པ་ཕུལ་ཕྱིན་མཛད།།

༣༡

ཉིད་ཀྱི་སློབ་མའི་ནང་ཚན་ནས།།

གཞན་ལས་ལྷག་པའི་ཐུ་བོ་པ།།

ཤེས་རབ་བློ་གྲོས་རིན་པོ་ཆེ།།

མཁན་པོའི་ཁྲི་རུ་མངའ་གསོལ་མཛད།།

༣༢

དེ་རྗེས་ཚུལ་ཁྲིམས་དབང་ལྡན་མཆོག།

སློབ་དཔོན་ཁྲི་རུ་མངའ་གསོལ་མཛད།།

ཁོང་གིས་མཁའ་འགྲོ་སྐལ་བཟང་སོགས།།

ཡི་དམ་དུ་མའི་བསྙེན་ཚད་བསྐྱལ།།

༣༣

དེ་ནས་དགོན་གྱི་རྟེན་བཞེངས་ཆེད།།

སྟོད་ཕྱོགས་དྭངས་ར་བརྒྱུད་དུ་ཕེབས།།

དགོན་སྡེ་རྣམས་ཀྱི་འདོད་པ་བཞིན།།

དབང་ལུང་ཁྲིད་གདམས་གང་འདོད་སྩལ།།

༣༤

དེའི་སྐབས་དེ་ཡི་དུས་དེ་རུ།།

སེ་ཞིག་ཕུག་པའི་ཁང་བཟང་དུ།།

རྩ་རླུང་གཏུམ་མོའི་ཉམས་ལེན་དང་།།

ཞེ་དགུའི་རིང་ལ་འོད་གསལ་བརྩོན།།

༣༥

དུས་འགྱུར་སྐབས་ཀྱི་དུས་ཤིག་ཏུ།།

རྟེན་གཙོ་མཉམ་མེད་སྐུ་གདུང་དང་།།

རིན་ཐང་བྲལ་བའི་དངོས་པོ་སོགས།།

སྐུ་ཚགས་བསྐྱོན་ནས་སྦས་སྐུང་མཛད།།

༣༦

ཁྱད་པར་གཤེན་བསྟན་བླ་མེད་བོན།།

མདོ་སྔགས་སེམས་ཀྱི་གཞུང་ལུགས་སོགས།།

འཕགས་ཡུལ་ཞིང་ལ་སྤྱན་དྲངས་ནས།།

སྐུ་སྲོག་ཉེན་པའི་སྐུ་ངལ་བསྐྱོན།།

༣༧

དེ་ནས་དབྱིན་ལེན་གནས་སུ་ཕེབས།།

ལོ་ངོ་གསུམ་གྱི་ནང་ཚུད་ལ།།

རང་བྱུང་མཁྱེན་རིག་མེ་ལོང་ངོས།།

དབྱིན་ཡིག་སློབ་གཉེར་ཚུལ་བཞིན་མཛད།།

༣༨

ལོན་ཌོན་མཐོ་སློབ་ས་གནས་སུ།།

རྒྱལ་རབས་བོད་ཀྱི་ལོ་རྒྱུས་དང་།།

དེ་ལ་འབྲེལ་བའི་བོན་འབྱུང་སྐོར།།

བཤད་ཁྲིད་གནང་ནས་ཁོང་ཉིད་བཞུགས།།

༣༩

དབྱིན་ལེན་གྲོང་ནས་ཚུར་ཕེབས་ཏེ།།

རྒྱ་གར་དོལ་པོའི་ས་ཆ་ནས།།

བོན་དཔེ་མང་པོ་གཡར་མཛད་སྟེ།།

འཛམ་གླིང་ཤར་ནུབ་གང་སར་སྤེལ།།

༤༠

བྱང་ཕྱོགས་ཧི་མ་ཅལ་གྱི་ཁོངས།།

ཌོ་ལན་ཇི་ཞེས་ས་ཆ་ཞིག།

ཁྲིམས་མཐུན་ཐོག་ནས་ཉོ་སྒྲུབ་མཛད།།

ཁ་འཐོར་བོན་འབངས་གཅིག་ཏུ་བསྡུས།།

༤༡

དཀའ་བ་སྟོང་ཕྲག་དུ་མ་བརྒལ།།

ངལ་བ་ཁྲི་ལ་མ་འཛེམ་པ།།

བོན་གཞིས་ཐོབ་རྒྱལ་གསར་པ་འདི།།

དཀའ་སྡུག་ཁྲོད་ནས་ཆགས་སུ་བཏབས།།

༤༢

ཉིད་ཀྱིས་གཙོ་འགན་བཞེས་པའི་ཐོག།

མཁན་ཆེན་ཤེས་རབ་བསྟན་པའི་རྒྱན།།

སངས་རྒྱས་བསྟན་འཛིན་བཞེད་དགོངས་ལྟར།།

མཁན་རབས་སོ་གསུམ་མངའ་གསོལ་མཛད།།

༤༣

མཁན་སློབ་རྣམ་པས་ནུས་པ་ཡིས།།

དཔལ་གྱི་གཤེན་བསྟན་སྨན་རི་གླིང་།།

ཆགས་བཏབ་མཛད་ནས་ཕྱི་ཡུལ་དུ།།

བོན་བསྟན་སླར་གསོའི་ཕྲིན་ལས་བསྐྱངས།།

༤༤

འདི་ཡི་དུས་ཀྱི་ཡས་མས་སུ།།

ཡོངས་འཛིན་སངས་རྒྱས་བསྟན་འཛིན་དྲུང་།།

མ་རྒྱུད་དབང་བཞི་ཞུས་མཛད་ནས།།

སྒྲུབ་པ་ཞག་བརྒྱའི་བར་དུ་མཛད།།

༤༥

ཡི་དམ་བསྙེན་ཚད་གཞུང་མཐུན་ལྟར།།

བསྐྱལ་བས་གྲུབ་རྟགས་ཡ་མཚན་བྱུང་།།

ཉེ་རུ་ཡོད་པའི་མི་དག་གིས།།

མཐོང་སྣང་མངོན་དུ་གྱུར་པ་འོ།།

༤༦

ཆོས་རྒྱལ་ནམ་མཁའི་ནོར་བུ་གཙོ།།

འཁོར་དང་བཅས་པ་བོན་གཞིས་ཕེབས།།

རིན་པོ་ཆེ་ཡི་མདུན་དྲུང་ནས།།

ཞང་ཞུང་མེ་རིའི་བཀའ་དབང་ཞུས།།

༤༧

སྙན་རྒྱུད་མན་ངག་ལེ་འུ་བརྒྱད།།

ལུང་དང་བཅས་པ་མ་ལུས་པ།།

བླ་མ་མཆོག་གི་ཞལ་སྔ་ནས།།

གསན་ཏེ་བཞུགས་ཡུལ་གནས་སུ་ཕེབས།།

༤༨

མཆོག་གིས་ལོ་དེའི་དུས་ཚོད་དུ།།

འཆར་གཞི་གཏན་འབེབ་གནང་བ་ལྟར།།

རིམ་པ་གོང་མར་སྙན་ཞུས་ཏེ།།

བཤད་སྒྲུབ་བོན་སྡེ་གསར་དུ་བཙུགས།།

༤༩

དེ་ནས་བཟུང་སྟེ་མི་ལོ་ཡི།།

བཅུ་ཕྲག་རིང་དུ་ཕྱོགས་ཕེབས་བཅད།།

བོན་གྱི་མདོ་སྔགས་རིག་གནས་བཅས།།

འཆད་ཁྲིད་གནང་ནས་སློབ་ཚོགས་བསྐྱངས།།

༥༠

སྨན་དགོན་ཐོབ་རྒྱལ་གསར་པ་རུ།།

མདོ་སྔགས་རིག་གནས་དང་བཅས་པ།།

གཞན་དྲིང་འཇོག་མི་དགོས་པ་ཡི།།

རང་རྐང་ཚུགས་པ་མཛད་པ་འོ།།

༥༡

བླ་སྤྲུལ་མཁས་མང་འདུས་སྡེ་ལ།།

ཡི་དམ་ཕྱི་ནང་གསང་གསུམ་གྱི།།

བཀའ་དབང་རྗེས་གནང་བཅས་མཛད་པའི།།

བླ་ན་མེད་པའི་སྐྱེས་ཆེན་ནོ།།

༥༢

གཡུང་དྲུང་བོན་གྱི་དབང་ལུང་གི།།

རྒྱུད་པ་སྐལ་ལྡན་སྟོང་ཕྲག་ལ།།

རྒྱ་ཆེ་སྤེལ་བའི་མངའ་བདག་མཆོག།

དྲིན་ཆེན་དམ་པ་ཁོང་ཉིད་དོ།།

༥༣

མཚམས་ཤིག་ཁོང་གི་སློབ་མའི་ཁྲོད།།

བཀའ་རམས་རྣམ་པ་དྲུག་པོ་ལ།།

རབ་འབྱམས་དགེ་བའི་བཤེས་གཉེན་གྱི།།

མཚན་རྟགས་བཟང་པོ་གནང་བར་མཛད།།

༥༤

དེ་ནས་བཟུང་སྟེ་ད་ལྟའི་བར།།

རབ་འབྱམས་དགེ་བའི་བཤེས་གཉེན་པ།།

བརྒྱ་ཕྲག་ལྷག་ཐོན་ཟིན་པ་སོགས།།

མཛད་འཕྲིན་ཉི་ཟླའི་འགྲོས་ལ་འཁུ།།

༥༥

ལོ་དེའི་ལོ་ལ་གངས་ལྗོངས་སུ།།

ཞབས་ཟུང་གསེར་གྱི་འཁོར་ལོ་ཆེ།།

གངས་ལྗོངས་ཕྱོགས་སུ་ཐོག་མ་བཀོད།།

མདོ་དབུས་ཁམས་ཀྱི་ཡུལ་ལ་ཕེབས།།

༥༦

དགོན་པ་ཆེ་ཕྲ་ཕལ་ཆེ་བར།།

ཕེབས་ནས་བཀའ་སློབ་ལམ་སྟོན་དང་།།

ཁྲིད་དང་དབང་ལུང་ཟབ་མོ་ཡི།།

བྱིན་རླབས་འབྲེལ་བ་བཞག་པ་འོ།།

༥༧

ལྷག་ཏུ་སོ་སོ་ཐར་པ་ཡི།།

སྡོམ་པའི་ཆར་རྒྱུན་ཕབ་མཛད་ནས།།

གཙང་མ་གཙུག་ཕུད་རབ་བྱུང་པ།།

སྟོང་ཕྲག་ལྷག་ཅིག་བཀའ་དྲིན་བསྐྱངས།།

༥༨

དེ་ནས་བཟུང་སྟེ་གངས་ལྗོངས་སུ།།

ཞབས་པད་གསེར་གྱི་མེ་ཏོག་དེ།།

ཡང་ཡང་བཞད་ནས་བཀའ་སློབ་གནང་།།

རྒྱལ་བསྟན་རིན་ཆེན་གསལ་བར་མཛད།།

༥༩

མ་འོངས་བསྟན་པའི་གནས་གཞི་ན།།

དགོངས་པ་རྒྱ་ཆེར་ལ་གཞིགས་ཏེ།།

བལ་ཡུལ་འཕགས་པ་ཤིང་ཀུན་སར།།

དགོན་པ་གསར་སྐྲུན་ལས་འགོ་བཙུགས།།

༦༠

ལྷ་དང་སྲུང་མའི་སྡོང་གྲོགས་ཀྱིས།།

དུས་ཡུན་རིང་པོ་མ་འགྱངས་པར།།

ཕྱི་ནང་རྟེན་བཀོད་ཡོངས་སུ་གྲུབ།།

རྟེན་འབྲེལ་ཁྲི་བརྟན་ནོར་རྩེ་གསོལ།།

༦༡

ཡ་ངལ་དགེ་བཤེས་རིན་པོ་ཆེ།།

འཕྲིན་ལས་ཉི་མ་མཆོག་ཉིད་ནི།།

ཐོབ་རྒྱལ་གསར་པའི་སྨན་རིའི་གླིང་།།

སློབ་དཔོན་གསེར་ཁྲིར་མངའ་གསོལ་མཛད།།

༦༢

དགེ་བཤེས་ཉི་མ་དབང་རྒྱལ་མཆོག།

ཁྲི་བརྟན་ནོར་བུ་རྩེའི་དགོན་དུ།།

མཁན་པོ་མཆོག་ལ་མངའ་གསོལ་ནས།།

བཞུགས་ཁྲིའི་སྟེང་དུ་བཀོད་པར་མཛད།།

༦༣

དེ་ཡི་ལོ་ལ་གངས་ལྗོངས་སུ།།

ཞབས་ཀྱི་པད་མོ་གཉིས་པ་བཀོད།།

གཤེན་སྲས་ནོར་བུ་དབང་རྒྱལ་ལ།།

མ་རྒྱུད་དབང་བཞི་རྗེས་གནང་མཛད།།

༦༤

ལྷག་པར་བོན་འབངས་བླ་སྤྲུལ་ལ།།

ཟབ་གདམས་མང་པོའི་འབྲེལ་བ་བཞག།

བྱིན་རླབས་རྗེས་གནང་བསྟན་པ་ཡི།།

འཛིན་སྐྱོང་སྤེལ་བའི་བཀའ་སློབ་གནང་།།

༦༥

གཡུང་དྲུང་བོན་གྱི་བཀའ་བརྟེན་གཉིས།།

གཙོས་པའི་པོད་གྲངས་སྟོང་ཕྲག་གྲངས།།

བསླུ་སྒྲུབ་གནང་ནས་བལ་ཡུལ་དུ།།

བོན་གྱི་བཀའ་འགྱུར་ཐོག་མར་དར།།

༦༦

ཁྲི་བརྟན་ནོར་བུའི་གཙུག་ལག་ཁང་།།

རྟེན་དང་བརྟེན་པར་རབ་གནས་ལ།།

༧སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ།།

གདན་ཞུས་ལྟར་དུ་དྲངས་པ་འོ།།

༦༧

ཡི་དམ་ཕྱི་ནང་གསང་གསུམ་གྱི།།

དཀྱིལ་འཁོར་ཞལ་ཕྱེས་རབ་གནས་མཛད།།

བྱིན་རླབས་དྲི་བསུང་ཕྱོགས་བརྒྱར་འཐུལ།།

དེ་ལྟར་མཛད་ཕྲིན་བཟང་པོར་བསྐྱངས།།

༦༨

ཁྲི་བརྟན་ནོར་རྩེའི་དགོན་པ་འདིར།།

ཨ་རྫོགས་སྙན་གསུམ་སྒྲུབ་གྲྭ་དང་།།

གབ་མཛོད་ས་གསུམ་རིག་གནས་བཅས།།

བཤད་གྲྭ་གསར་བཙུགས་མཛད་པ་འོ།།

༦༩

བལ་ཡུལ་ཕྱོགས་སུ་དབུ་བརྙེས་ནས།།

གཡུང་དྲུང་བོན་གྱི་བཤད་སྒྲུབ་སྡེ།།

མིང་དོན་མཚུངས་པའི་གཞིས་སུ་གྱུར།།

ཉིད་ཀྱི་མཛད་ཕྲིན་བླ་ན་མེད།།

༧༠

སློབ་མའི་ཐུ་བོ་རྗེས་རུ་བའི།།

དགེ་བཤེས་བསྟན་པ་གཡུང་དྲུང་མཆོག།

ཁྲི་བརྟན་ནོར་བུ་རྩེའི་དགོན་དུ།།

སློབ་དཔོན་ཁྲི་རུ་མངའ་གསོལ་མཛད།།

༧༡

ཡོངས་འཛིན་བླ་མ་ཆེན་མོ་ཡིས།།

སྔ་དར་གཡུང་དྲུང་བོན་གྱི་བཀའ།།

མདོ་སྔགས་རྫོགས་གསུམ་ཞལ་ཁྲིད་དང་།།

གྱེར་དབྱངས་འབུད་བཀྲོལ་ཕྱག་ལེན་བསླབས།།

༧༢

བཅའ་འབྲི་བཞེངས་གསུམ་ཐིག་བཀོད་བཅས།།

བཀའ་ཁྲིད་གནང་ནས་རྒྱལ་གཤེན་མཆོག།

སླར་ཡང་འགྲོ་བའི་དོན་ཆེད་དུ།།

ཕེབས་པར་མཚུངས་པའི་མཛད་ཕྲིན་རྒྱས།།

༧༣

སྨན་སྒྲུབ་འོད་ཟེར་འཁྱིལ་བ་ཡི།།

སྒྲུབ་ཆེན་བཙུགས་ཏེ་གྱེར་དབྱངས་སོགས།།

ཕྱག་ལེན་མཐའ་དག་སྨན་རིའི་ལུགས།།

སྔོན་སྲོལ་འཁྲུལ་མེད་ཞལ་ཁྲིད་གནང་།།

༧༤

འདུས་སྡེས་ཉིན་གྲངས་བཅོ་ལྔའི་རིང་།།

སྒྲུབ་གཞུང་བསྲངས་རྗེས་རྗེ་བླ་མས།།

ཞི་ཁྲོ་སྨན་གཞུང་དབང་ཆེན་བཅས།།

བཀའ་དྲིན་བྱིན་རླབས་ཁྱབ་པར་མཛད།།

༧༥

ཉི་ཧོང་བོན་ལུགས་ཞིབ་འཇུག་ལྷན།།

ཟུང་འབྲེལ་ཐོག་ནས་བོན་ལུགས་ཀྱི།།

དཀྱིལ་འཁོར་ཡོད་དོ་ཅོག་པ་དང་།།

མཆོད་རྟེན་ཆ་ཚང་བཀོད་པ་གནང་།།

༧༦

དེ་དང་དེ་བཞིན་མཛད་པ་སྟེ།།

ཕྱི་ནང་གསང་གསུམ་ཞལ་ཐང་དང་།།

བརྟེན་འགྱུར་ཆེན་མོའི་དཀར་ཆག་དག།

གསར་སྒྲིག་ལས་དོན་མཐར་ཕྱིན་མཛད།།

༧༧

བོན་གྱི་ཚིག་མཛོད་ཆེན་མོའི་ཐད།།

ངལ་མེད་གཟིགས་སྐྱོང་མཛད་པ་དང་།།

ཐང་ཁ་མཆོད་རྟེན་དཔར་སྐྲུན་ཐད།།

བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ།།

༧༨

དཔོན་སློབ་བསྟན་པ་གཡུང་དྲུང་མཆོག།

དགོན་འདིའི་ཁྲི་འཛིན་མཁན་པོ་རུ།།

མངའ་གསོལ་རྒྱན་དྲུག་མཁས་པའི་གྲངས།།

དགེ་བའི་བཤེས་གཉེན་མཚན་རྟགས་བསྩལ།།

༧༩

དེ་ནས་བཟུང་སྟེ་ད་ལྟའི་བར།།

བཤད་སྒྲུབ་གཉིས་ནས་མཐར་ཕྱིན་པ།།

བརྒྱ་ཕྲག་ཙམ་ལ་བཤེས་གཉེན་དང་།།

རྣལ་འབྱོར་པ་ཡི་མཚན་རྟགས་བསྩལ།།

༨༠

བླ་སྤྲུལ་འདུས་སྡེ་རྒྱ་མཚོ་ལ།།

བོན་སྔགས་ཕྱི་ནང་རྫོགས་ཆེན་དང་།།

ཡང་གསང་བོན་སྐྱོང་རྗེས་གནང་བཅས།།

དབང་ཐེངས་གཉིས་པ་ཕྱི་ལ་བསྐྱངས།།

༨༡

བཅུ་ཕྲག་ཤེས་བྱའི་གཏེར་གྱི་བདག།

སྤ་སར་ཚུལ་ཁྲིམས་བསྟན་འཛིན་མཆོག།

ཁྲི་བརྟན་ནོར་བུ་རྩེའི་དགོན་གྱི།།

སྒྲུབ་གྲྭ་མཁན་པོ་གསར་དུ་བསྐོས།།

༨༢

དེ་ཡི་ལོ་དེར་རྒྱས་དགེ་ཚང་།།

དགེ་བཤེས་ཚངས་པ་རིན་པོ་ཆེ།།

ཁྲི་བརྟན་ནོར་རྩེའི་སློབ་དཔོན་ཁྲིར།།

མངའ་གསོལ་ཆེ་མཚན་ལེགས་པར་སྩལ།།

༨༣

རྗེ་ཉིད་དགུང་གྲངས་བརྒྱད་ཅུར་ཕེབས།།

གྱ་སྟོན་མཛད་སྒོ་རྒྱས་འཚོགས་དང་།།

གཤེན་བསྟན་དར་རྒྱས་གླིང་གསར་འཛུགས།།

ནུབ་གླིང་སྒྲུབ་རྒྱུད་བསྟན་སྲོག་གསོས།།

༨༤

ལོ་རེེར་དབྱར་དཔྱིད་སྟོན་དགུན་ལ།།

ཁྲིད་ལུང་དབང་གསུམ་གྱི་གདམས་པས།།

མགོ་གསེར་སྐྱེ་འགྲོའི་སྙིང་ཁམས་སུ།།

རང་བྱུང་བདུད་རྩི་བྱིན་ཆེན་ཕབ།།

༨༥

ཁྲི་བརྟན་ནོར་རྩེ་ཕྱག་བཏབས་ནས།།

ལོ་འཁོར་ཉེར་ལྔའི་དུས་དྲན་དང་།།

སྒྲུབ་ཐེངས་གཉིས་པའི་སྨན་སྒྲུབ་འཚོགས།།

ཞི་ཁྲོ་སྨན་གསུམ་བཀའ་དབང་བསྩལ།།

༨༦

དགེ་བཤེས་སྐལ་བཟང་སྨོན་ལམ་སོགས།།

མཁན་སློབ་འདུལ་བའི་མཁན་པོ་དང་།།

གྲྭ་ཚང་བླ་མ་བསྐོས་བཞག་མཛད།།

མ་འོངས་བསྟན་སྲོག་སྲ་བར་བྱས།།

༨༧

དགུ་བཅུ་ཕེབས་པའི་གོ་སྟོན་འབྲེལ།།

བོན་འབངས་ཀུན་གྱིས་སྐུ་བརྟན་ཆེད།།

ཞབས་རིམ་བསྒྲུབས་ནས་ཁོང་ཉིད་ཀྱིས།།

ཀུན་འབུམ་གོ་འབྱེད་དབང་བཞི་བསྩལ།།

༨༨

མཚན་དཔེའི་མེ་ཏོག་ཚེས་པ་ནས།།

དབུ་ལྕང་ལོ་མ་དཀར་བའི་བར།།

བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི།།

ཕྲིན་ལས་ཆུ་བོའི་རྒྱུན་གྱིས་བསྐྱངས།།

༨༩

གང་གི་མཛད་བཟང་གསེར་གྱི་བུམ།།

འཛམ་གླིང་ཤེས་རིག་དོ་ར་རུ།།

གནས་ཐུབ་བཀའ་དྲིན་རྗེས་དྲན་ཆེད།།

བརྟན་བཞུགས་རྒྱས་འབུལ་ཕྱོགས་ཀུན་བྲེལ།།

༩༠

ཕྱོགས་དེར་ཕེབས་པའི་བོན་འབངས་ལ།།

དྲན་པ་ཚེ་སྒྲུབ་བཀའ་དབང་དང་།།

བྱམས་མའི་སྔགས་བསྟོད་ཁྲིད་ལུང་སོགས།།

གདམས་ངག་ཕ་འབབ་ལེགས་སྩལ་མཛད།།

༨༡

སྨན་རིའི་ཁྲི་འཛིན་སོ་གསུམ་མཆོག།

སྐུ་མཆོག་སྙུང་གཞི་བྱུང་བའི་དུས།།

སྐུ་རིམ་ཞབས་བརྟན་གང་དགོས་དང་།།

སྨན་བཅོས་འབུལ་ཚུལ་ལམ་སྟོན་གནང་།།

༩༢

དགོངས་པ་བོན་དབྱིངས་ཐིམ་པའི་སྐབས།།

འཕོ་བ་འཇའ་གུར་མའི་ལུགས་ལྟར།།

ཐུགས་དགོངས་དབྱེར་མེད་གཅིག་ཏུ་བསྲེས།།

མཆོད་འབུལ་ཞུས་སྐོར་བཀའ་སློབ་གནང་།།

༩༣

བོན་གྱི་གཞུང་ལུགས་དུ་མ་ཞིག།

མི་རིགས་གཞན་པའི་སྐད་ཡིག་ཏུ།

ཕབ་བསྒྱུར་མཛད་ནས་ཤར་ནུབ་ཀྱི།།

རྒྱལ་ཁབ་དུ་མར་བསྟན་པ་སྤེལ།།

༩༤

གཞན་ཡང་རིག་གཞུང་ངོ་སྤྲོད་དང་།།

སྐུ་གསུང་ཐུགས་རྟེན་འབྲི་བཞེངས་སྐོར།།

ཐོས་བསམ་སྒོམ་སྒྲུབ་མཛད་ཚུལ་སོགས།།

རྣམ་ཐར་རྒྱས་པའི་ནང་དུ་གཟིགས།།

༩༥

རྒྱལ་བསྟན་འཛིན་པའི་སྐྱེས་བུ་ལ།།

སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་ཡོད།།

མཆོག་ཏུ་གྱུར་པ་གསུང་གི་མཛད།།

ཇི་བཞིན་སྐྱབས་རྗེ་བླ་མས་གནང་།།

༩༦

མི་ལོ་བཅུ་ཕྲག་བདུན་ཙམ་ལ།།

འཆད་ཉན་གནང་སྟེ་སློབ་ཚོགས་བསྐྱངས།།

འདི་ཕྱི་གཉིས་ཀར་བསྟན་འགྲོ་ལ།།

ཕན་རླབས་ཆེ་བའི་ཕྲིན་ལས་བསྐྱངས།།

༩༧

མདོ་སྔགས་སེམས་ཀྱི་འགྲེལ་བ་དང་།།

རྒྱལ་རབས་ལོ་རྒྱུས་བཟོ་རིག་སོགས།།

གསུང་པོད་བཅུ་ཕྲག་གཉིས་ལྷག་ཙམ།།

བོད་ཡིག་ནང་དུ་བཞུགས་བཞིན་ཡོད།།

༩༨

དབྱིན་སོགས་སྐད་རིགས་གཞན་པའི་ནང་།།

དེབ་གྲངས་བཅུ་ཕྲག་དུ་མ་བཞག།

བསྟན་པའི་གསལ་བྱེད་གྱུར་པའི་མགོན།།

སློབ་ཚོགས་བསྐྱངས་ལ་ཟླ་མེད་གྱུར།།

༩༩

བཀའ་བརྟེན་བརྩམས་པ་དེ་དག་ལ།།

ཁྱད་བོན་གཞན་ལས་ལྷག་པར་ཆེ།།

སྟོན་པའི་ཆ་ལུགས་འཁྲུངས་འདས་དུས།།

མདོ་རྒྱུད་མཐུན་པའི་གསལ་བཤད་གནང་།།

༡༠༠

མདོ་སྔགས་སེམས་གསུམ་ལྟ་བའི་གནད།།

ཟེར་སྒྲོས་ཙམ་དུ་མ་བཟུང་ནས།།

རྒྱུད་གཞུང་རྣལ་མའི་ཁུངས་བཅར་ཏེ།།

ལུང་རིགས་ཟུང་གིས་འགྲེལ་བཤད་གནང་།།

༡༠༡

བསྟན་པའི་སྙིང་པོ་ལུང་རྟོགས་ཀྱི།།

འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ།།

ཉམས་ལེན་སྐྱོང་བའི་མཛད་སྲོལ་ལྟར།།

སྐྱབས་རྗེ་མཆོག་གིས་དེ་བཞིན་ནོ།།

༡༠༢

འདོད་ཆུང་ཆོག་ཤེས་ཀྱི་ངང་ནས།།

བྱ་བྲལ་ཉམ་ཆུང་ཚུལ་འཛིན་ཞིང་།།

དགུང་ལོ་གོ་ལྔ་ལ་ཕེབས་ཀྱང་།།

སྐུ་ངལ་འཛེམ་མེད་བསྟན་དོན་བརྩོན།།

༡༠༣

བར་དང་བར་གསེང་དག་ཏུ་ནི།།

ཕྱག་དཔེ་གཟིགས་ཤིང་ཟིན་ཐོ་བཀོད།།

བླ་མེད་ཐེག་པའི་དོན་ལ་རོལ།།

དགྱེས་སྐུ་མགོན་དུ་ལམ་མེར་ཡོད།།

༡༠༤

བསོད་ལྡན་འགྲོ་བའི་དེད་དཔོན་ཆེ།།

ང་ཚོའི་མགོན་དུ་ཉི་མ་བཞིན།།

ནམ་ཡང་ནུབ་པ་མེད་པ་རུ།།

བསྐལ་པ་བརྒྱ་རུ་མངོན་པར་ཤོག།

༡༠༥

ཁྱེད་སྐུ་ཟིལ་པ་ཁྲོམ་མེ་བ།།

ང་ཚོའི་ཚོར་བའི་གཏིང་རུམ་དུ།།

འོད་ཀྱི་ལུ་གུའི་ཕྲེང་བ་སྟེ།།

གཏན་དུ་རྒྱུན་མི་འཆད་པར་ཤོག།

༡༠༦

བསྟན་འཛིན་བུ་སློབ་འཁོར་འབངས་ལ།།

ཐུགས་ཁུར་ཆེར་བཞེས་མཛད་པ་ཡིས།།

ལྷ་དང་སྲུང་མའི་ཚོགས་རྣམས་ལ།།

འཕྲིན་བཅོལ་ཐུགས་རྗེའི་བརྩེ་བས་བསྐྱངས།།

༡༠༧

 དགེ་བ་ཕྲ་མོ་བརྩི་སྲུང་མཛད།།

ཞལ་འདོན་ཕྱག་འཁོར་སྐོར་བ་དང་།།

སྙིང་པོ་རྣམ་གསུམ་བགྲང་བ་སོགས།།

ཀུན་ལ་མིག་ལྟོས་བཟང་པོ་མཛད།།

༡༠༨

ཉེ་བའི་འདས་པའི་ལོ་འདི་རུ།།

གྲུབ་ཆེན་མཆོག་གི་གསོལ་འདེབས་དང་།།

བླ་སྤྲུལ་དུ་མའི་ཞབས་བརྟན་ལ།།

ཕྱག་བྲིས་ཕྱག་བསྟར་གྲངས་མང་གནང་།།

 

ཅེས་སྐྱབས་རྗེ་མཁས་དབང་༧ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་ཚིགས་བཅད་མ་འདི་ནི་རྒན་།ཁ་བའི་སྣང་ལེས་གོ་སྟོན་མཆོད་ཚིག་ཤོ་ལོ་ཀ་གོ་ལྔའི་གྲངས་ཅན་རྣམ་ཐར་རྟོགས་བརྗོད་ལམ་ནས་བྲིས་ན་གསུངས་པ་ལ་བརྟེན་ཏེ།  ༧སྐྱབས་རྗེ་དཔོན་སློབ་ཚངས་པ་རིན་པོ་ཆེའི་རྣམ་ཐར་ལ་གཞི་བཞག་ནས་གུས་ཨ་ནུ་བསྟན་པ་རབ་རྒྱས་ཀྱིས་ག་ལེར་བྲིས་ཏེ་རེ་ཞིག་མཇུག་གྲུབ།  ཞུས་དག་པ་རྒན་ཁ་བའི་སྣང་ལེ།  ད་དུང་འདིའི་ནང་མ་འདང་བའི་སྐྱོན་ཆ་དུ་མ་ཞིག་ཡོད་ངེས་ཕྱིར་མཁྱེན་ལྡན་མཁས་པའི་ཚོགས་ལ་མཐོལ་བཤགས་ཞུ་བ་དང་།  དགེ་བའི་ཆ་ཅུང་ཙམ་ཡོད་པ་དག་གིས་རྗེ་བླ་མའི་བྱིན་རླབས་རང་རྒྱུད་ལ་འཇུག་པར་གྱུར་ཅིག་གུ།  ༢༠༢༠ ༡ ༢༥




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།