༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 6
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 5 ཤིས་ཚིག
5 ཤིས་ཚིག
༤ དཔོན་གསས་བླ་མ་མཆོད་པའི་སྤྲིན་ཚོགས།
[ཟླ་ཚེས།:2020-01-28] [རྩོམ་པ་པོ།:ཁྱུང་པོ་དྲྭ་བ།] [གཟིགས་ཐེངས:]

微信图片_20200128181659.jpg

གོ་ལྔའི་མཆོད་སྤྲིན་རྨ་བྱ་མྱོས་པའི་གྲེ་འགྱུར། 


                     སེང་ཚ།    ཁྱུང་པོ་སྟེང་ཆེན།

                                    

འདི་ནས་རྒྱང་ཐག་བྱེ་བས་ཆོད་པའི་ལྷོ་ཕྱོགས་སྨ༵ན་གྱི་ནགས་ཀླུང་དུ།།

གྲུབ་རིག་གོང་མས་བདུད་རྩིའི་རྟག་འགྲོ་གསེར་རི༵འི་ཕྲེང་བར་བརླབས་པ་ལ།།

དད་གསུམ་གྱིས་བཏུང་སེམས་ཀྱི་ཡོལ་གོར་མི་ཟད་བསྐྱིལ་རྣམས་སྒྲེགས་པ་ནི།།

ལི་ཤིའི་དྲི་བསུང་མི་གཏོང་འཛིན་མཁས་ཞྭ་དཀར་སྲོག་ཤིང་དཔོ༵ན་སློ༵བ་ཆེ།།

                                       

སྙིགས་དུས་ཤེ་མུན་ཡོལ་རས་དཔྱངས་དག་སྲིད་གསུམ་གངས་རིའི་རྩེ་མོ་ནས།།

སེལ་ལ་མི་ངལ་བརྒྱད་ཟུང་ལང་ཚོ་ཆེས་ཆེར་རྒྱས་པའི་འོད་དཀར་ཅན།།

དྲེགས་པའི་འོད་ལོ་སིལ་སིལ་འཐོར་དེའི་སྤྱི་བོ་བདེ་ཆེན་འཁོར་ལོ་རུ།།

དུས་དང་རྣམ་པར་ངལ་གསོ་མཛད་པའི་སྨྲ་དབང་བླ་མ་དང་བས་མཆོད།།

                                       

ཟད་མི་ཤེས་པའི་ཚོགས་ཟུང་སྦྲང་ཆར་ཤག་ཤག་བབས་པའི་ཉེར་ལེན་ལས།།

ཚུལ་ཁྲིམས་དྲི་བསུང་བླ་མེད་འཐུལ་བའི་དཔག་བསམ་ལྗོན་པའི་ལང་ཚོ་ནི།།

ཡོངས་སུ་འཛིན་པའི་ཁྱེད་སྐུའི་གཟི་བྱིན་ས་འཛིན་དབང་པོའི་དཔལ་ལྡན་པ།།

ཕྱོགས་ཀྱི་དད་ལྡན་མགྲིན་པའི་ཀླུང་ལས་གྲགས་པ་གོ་ལའི་ཕ་མཐར་སོང་།།


དད་གསུམ་རྐང་དྲུག་གར་ལ་འཛིན་པའི་གཞལ་བྱའི་སྦྲང་རྩི་བཏུང་བའི་སྙིང་།།

ལུང་རིགས་བདུད་རྩིས་མྱོས་པའི་གླུ་སྒྲ་དྲུག་སྐྱེས་བུ་མོའི་རམ་འདེགས་བཅས།།

མང་འདུས་རྒྱ་མཚོ་འཁྱོམ་པའི་དྷི་སྐད་མཐོ་རིས་དང་པོར་ལེགས་བཏང་བས།།

ཆགས་བྲལ་སྙིང་ལ་བྲེད་ཤ་ལངས་ཏེ་ཆགས་ལྡན་གར་ཁང་འགྲམ་སྟེགས་བྱེད།།


ཐོས་བསམ་མཛེས་སྡུག་རབ་ཏུ་བཞད་པ་རིན་ཆེན་དབྱིག་གི་ཆུ་སྐྱེས་ལ།།

འཆད་རྩོད་རྩོམ་པའི་ཆར་གྱིས་ལེགས་བཀྲུས་རྣམ་དཔྱོད་ཟེ་འབྲུའི་དོག་པ་ནི།།

ཁུར་ལ་མི་ངལ་དེ་ཉིད་རོལ་བརྩོན་ནགས་ཀྱི་རྐང་དྲུག་འཕུར་རྩེན་རྣམས།།

དགེས་པས་བཟི་སྟེ་ཟ་ཟིའི་སྒྲ་དབྱངས་ཕྱོགས་ཀྱི་ནགས་མའི་ཚལ་ནས་སྙན།།


བརྩོན་པའི་ཆུ་ཁུར་རྒྱུན་དུ་མཐུད་དེ་མཁྱེན་རབ་གཡུ་འབྲུག་གླལ་བའི་སྒྲས།།

གཞལ་བྱའི་གནས་ལ་འཇུག་པ་ཡངས་པའི་ཀུན་གཞིའི་བུ་མོ་ན་དར་བས།།

སྲིད་གསུམ་ཞིང་ཀུན་འདར་ལྡན་སྒྲུབ་པའི་ཟླ་བའི་སེན་རིས་འཁྱུག་པའི་གར།།

ཤོག་དཀར་བུ་མོའི་པང་དུ་རྩེན་པས་གསུང་རྩོམ་བྲག་རིའི་དཔང་ལས་བརྒལ།།


བསླབ་གསུམ་ལོ་མ་གོས་སུ་བཀླུབས་ནས་ཤིང་ལོའི་ཆུ་ཟིལ་བཅུད་སྟེན་པའི།།

གཤེན་རབ་མེས་པོའི་དཀའ་ཐུབ་རྣམ་གསུམ་ཁེངས་པ་གཏོང་ལ་མི་ངལ་བ།།

ཧི་མ་ལ་རི་རྐང་ཐང་བརྒལ་བའི་དཀའ་སྤྱད་རྣ་བས་ལོངས་སྤྱོད་རོལ།།

དད་པའི་སྒེག་ལྡན་ཟུག་རྔུས་གཙེས་དག་མིག་ཆུའི་ཤེལ་ཕྲེང་བྲང་ནས་འཐོར།།


སྲིད་པའི་འདོད་ཡོན་ལྷ་ཡི་རྫིང་རིང་ལྟོ་འགྲོའི་མགྲིན་པར་འཁྱིལ་བའི་རླབས།།

འདོད་སྲེད་བུ་མོའི་ཉག་ཕྲན་གྱིས་བསྐུལ་རི་སྐྱེས་བུ་མོས་སྐོམ་རོལ་བས།།

གདུང་བའི་མིག་ཟུང་ཟུམ་ཐེངས་རེ་ཡིས་དེ་རྣམས་བདེ་བའི་མལ་འགོད་པའི།།

བླ་མའི་བླ་མ་ཡོངས་འཛིན་བཤེས་གཉེན་གཉིས་པ་ཚད་མའི་ལག་གིས་བཏང་།།


ལུང་རྟོགས་རྒྱ་མཚོའི་རྦ་རླབས་གྱིས་འཁྱོམ་ཚེ་ཡི་རི་དྭགས་གྲུས་མའི་འགྲོས།།

ལི་ཁྲིའི་རྡུལ་གྱི་ཁུ་བ་ཟགས་པའི་མཚམས་སྤྲིན་བུ་མོའི་རུམ་བསྒྱུར་བས།།

མཁས་རྒུའི་གཙུག་ན་ཞབས་ངལ་གསོ་བའི་ཚངས་ཆེན་ལྷ་ཡི་ཕོ་ཉ་ཡང་།།

འདིར་སྣང་བུ་མོའི་བྲང་གིས་མྱོས་པས་རལ་བ་ཞབས་པད་འོག་ཏུ་བཅིངས།།


བརྩེ་མེད་མགྲིན་བཅུའི་གར་ལ་ལངས་ཏེ་ཉམ་ཆུང་སྐྱེ་འགྲོའི་བདེ་མལ་ཀུན།།

གདུག་རྩུབ་མཆེ་བས་ཟས་སུ་འགམ་ལ་གདོད་ནས་གོམས་པའི་འབྱུང་པོའི་སྡེ།།

རིང་དུ་སྤྱུགས་ལ་ངལ་བ་ཡོངས་བཏང་འགྲོ་རྣམས་ཞི་བསུའི་བང་ཆེན་གྱི།།

གྲགས་པའི་བ་དན་བསྙལ་བ་མེད་པར་ས་འཛིན་སྒེག་མོའི་ཕྲག་གོང་གཡོ།།


བཀའ་བརྟེན་གསེར་ཕྱེ་བྱུར་བུར་སྤུངས་པའི་གདོད་མའི་ཤེས་རིག་ཕ་ཁྱིམ་དུ།།

བཀའ་ལུང་ཚད་མ་ཟས་སུ་བསྟེན་ཏེ་དཔྱོད་མིག་ཡོན་པོའི་འཁྲས་བཅས་གང་།།

ལུང་དང་རིགས་པའི་ཤ་ཚོན་རྒྱས་པས་གངས་རིའི་ཚིག་མཛོད་ཆེན་མོ་ཞེས།།

མཁས་པའི་མིང་གི་གྲགས་སྙན་འབར་བས་མཚུན་གྱི་ལྷ་ཡང་ངོ་ཚས་དུད།།


ཤེས་བྱའི་གནས་ལ་འབད་པའི་རྩོལ་བས་མཚན་ཡང་ཉིན་མོའི་ཞིང་སྒྲུབ་ཅིང་།།

དཔྱོད་ལྡན་མཁས་པའི་གདམས་ངག་སྦྲང་རྩི་དོག་པོར་སྦྲུམ་པའི་ཞལ་གྱི་ཆབ།།

མཁས་བཙུན་བཟང་པོའི་ཆ་བྱད་གྲོལ་བའི་མཁས་གཉེར་བུ་ལ་ཉེར་བྱིན་པས།།

གཞན་དང་གཞན་སྡེའི་དད་འབངས་ཟླ་སེན་ཐུཊ་ཀ་བོན་ཉིད་འཁོར་ལོར་ཟླུམ།།


གྱེར་ན་མགྲིན་པའི་སྟོང་རི་ཆེམ་པས་གསེར་ལྡན་དགའ་མ་ངུར་བྱེད་ཅིང་།།

དཀྲོལ་ན་རྩ་གསུམ་ལྷ་ཡི་རི་དྭགས་སྟོང་གསུམ་རྒྱང་ནས་བཀུག་བྱེད་པའི།།

གཤེན་ཕྲུག་འབུམ་གྱི་གྲལ་གོང་ཞིག་ན་སྨྲ་དབང་རྒྱ་སྟག་ཉལ་བའི་གཟིས།།

སེར་ཁྱིམ་དབུ་མཛད་གངས་སེང་ངར་སྒྲ་ཆུ་ཐིགས་ཕྲ་མོའི་རྒྱུན་དང་འགྲོགས།།


ནག་ཕྱོགས་ལྟོ་འགྲོའི་ཟ་འགྲམ་རྒྱས་པས་དུས་འགྱུར་དུག་གི་ཁ་རླངས་ཀྱིས།།

དཀར་ཕྱོགས་བོན་གྱི་ཉི་ཟླའི་འོད་རླབས་གཟའ་ཡི་སྟོན་མོར་རྒྱས་བཏབས་ཚེ།།

གཤེན་བསྟན་བ་དན་དར་ལྕེ་ཟད་པོ་འཆི་བདག་ཞུགས་ཀྱིས་རོལ་མཐོང་བས།།

ཚེ་སྲོག་ཕྲ་མོས་བརྗེ་ལེན་སྤོབས་པའི་དུས་མཐའི་གཤེན་རབ་རོལ་གར་ཅན།།


གཞན་སྡེའི་དཔུང་གིས་གཤེན་བསྟན་ཁྱུ་མཆོག་ཐང་དུ་བསྙལ་ལ་ཐེ་ཚོམ་བློས།།

ཉིན་མི་མཚན་ཁྱིའི་བརྟུལ་ཞུགས་བླངས་ནས་རི་རབ་ལྷུན་པོའི་ཡང་རྩེ་རུ།།

ཉམས་པ་མེད་པར་ཡར་ལ་བསྒྲེང་བས་འགོག་པར་ཟིན་པའི་བྱ་བཏང་ཡང་།།

ཏིང་འཛིན་གྲོལ་ཏེ་ཐུགས་ཀྱི་ཤེད་མོང་རྣམ་དཀར་མཛད་པའི་ཆ་དང་སྡོང་།།

བརྒྱད་ཁྲི་བཞི་སྟོང་བོན་སྒོ་མ་ལུས་གཟུར་གནས་དཔྱོད་ལྡན་ཤ་མིག་གིས།།

ཕྲ་མཐོང་འཕྲུལ་གྱི་ཆེ་ཤེལ་སྤྱད་པས་དོགས་གནད་སྡོམ་ནག་དྲྭ་བའི་རྒྱ།།

དཔྱད་གསུམ་ཕྲ་མོའི་འཕྲུལ་གྱིས་བཤིགས་པས་དྲང་ངེས་དོན་གྱི་དམར་ས་དག །

ལྷང་དུ་གསལ་བའི་ཕྱག་རྩོམ་རེ་རེས་བླུན་རྨོངས་མིང་གི་ལྷག་མར་གཏོང་།།


རྣམ་པར་རྒྱལ་བའི་གར་གྱི་སྟངས་སྟབས་གཤེན་ཕྲུག་བྱེ་བའི་སྐྱེད་ཚལ་དུ།།

བསྒྱུར་ཏེ་ལུང་རིགས་ཕྲེང་བའི་ཞགས་པ་རྔམ་ཆེའི་ཕྲག་གོང་འདེད་ཙ་ན།།

མཉམ་མེད་བླ་མའི་འཕྲུལ་སྒྲོན་ཞབས་ཟུང་སྲིན་འབུ་མེ་ཁྱེར་ཁྲིར་འགོད་པའི།།

བཀྲ་ཤིས་སྨན་གྱི་ནགས་མཐའ་གསལ་མཛད་སྨྲ་དབང་མཐོངས་ཀྱི་རྒྱུ་སྐར་གཙོ།།


དགྲ་གཉེན་ཡོངས་ཀྱི་སྙིང་བརྩེའི་དམ་ཚིག་དུག་གི་མཚོན་ཆས་ཟས་རོལ་ཏེ།།

སྲིད་གསུམ་ཞིང་དུ་གདུག་རྩུབ་ཁྲག་ཞག་ལྟེམ་ལྟེམ་འཁྱིལ་བའི་མཐུ་དར་ཡང་།།

བཤད་སྒྲུབ་བསྟན་པའི་འཁོར་ལོ་རྣམ་གསུམ་སྒྱུར་ལ་ངལ་བ་མ་མཛད་པས།།

སྙིགས་དུས་གཤེན་བསྟན་ཤིང་རྟའི་སྲོལ་འཛིན་དུས་ཀྱི་སྟོན་པ་ཁྱེད་གཞན་སུ།།


སྲིད་གསུམ་ཞིང་དུ་མིང་གིས་ལྷག་པའི་ངག་རིག་བུ་མོའི་འཇོ་སྒེག་ལ།།

ཚིག་རྒྱན་རིན་ཆེན་ནོར་གྱིས་སྤུད་དེ་མཆོག་གསུམ་མཆོད་པའི་གཤེན་གླུ་ཡིས།།

སྐྱེ་རྒུའི་བདག་གི་དྲེགས་པའི་ན་ཆུང་མཚན་ཙམ་བཏང་བའི་མྱ་ངན་གྱིས།།

ཕྱག་གི་རྒྱུད་མང་མིག་ཆུས་བཟས་པས་རྒྱུད་སྐུད་འདར་བའི་གར་ཡང་འགྱུ།།


སྡེ་གསུམ་གཡུ་རལ་མཐོངས་སུ་བརྫེས་པས་འཆི་མེད་ལམ་གྱི་གླང་པོ་ཡང་།།

མལ་ལས་སློང་བའི་ལན་བུ་རེ་རེར་བྱང་སེམས་བདུད་རྩིའི་དོག་ལྡན་རྣམས།།

བསུང་ཞིམ་ཁྱབ་པའི་ཆོས་ཀྱི་ཚོང་རྡལ་དགེ་སྐྱེས་མཆོད་སྟེགས་ལ་བཀོད་པས།།

གསང་བའི་བླ་མས་ཨུ་མ་བསྐྱུར་ཏེ་གཙང་གཙུག་ལེན་པའི་གྲལ་དུ་གཤེགས།།


དཀའ་སྡུག་མཚོན་གྱི་རྣོ་ངར་ཟོས་ཏེ་བསྟན་པར་གཅེས་པའི་དམར་ཆུང་སྙིང་།།

ཞུམ་མེད་ཁྲབ་ཀྱི་སྲོག་ཏུ་ཞུགས་ནས་གྱེར་བསྟན་འཛིན་པའི་ཟླ་སེན་རིས།།

ཡར་ཆབ་གཙང་པོའི་རྒྱུན་ལས་རིང་བསྲིངས་སྙིང་དུ་བསྲེལ་བའི་སྐུ་ངལ་གྱིས།།

གཤེན་བསྟན་དབྱིག་གི་ལི་ཁྲིའི་རྒྱལ་མཚན་ཕྱོགས་ཀྱི་བུ་མོའི་རྒྱན་དུ་བསྒྲུབས།།


སྡེ་བཞིའི་ཁྲིམས་ཀྱིས་མཛེས་པར་བཏང་བའི་ངུར་སྨྲིག་གར་རོལ་མགོ་ཟླུམ་ཁྱུ།།

ལེགས་བཤད་ལི་ཤིའི་ཁུ་བས་གསོས་པའི་འཆད་རྩོད་རྩོམ་པའི་དཔུང་པ་ཡིས།།

ལྷོ་མཐའི་ནགས་ཚལ་ཤེས་རིག་ནོར་གྱི་མཚེར་སྒར་བཟུང་བའི་གྲགས་པས་ནི།།

འོལ་མོའི་ལུང་གི་འཛམ་གླིང་རྒྱན་དྲུག་སྙིང་རླུང་བྱང་ཁོག་སྟོད་དུ་བཙངས།།


གནས་བཅུའི་བདུད་རྩི་ཧུབ་ཀྱིས་བཞེས་ཏེ་ཀུན་མཁྱེན་མཚན་གྱི་བ་དན་དཀར།།

མགྲིན་པ་བོན་གྱི་འཁོར་ལོར་ཐོགས་ནས་མཁས་ཀུན་གཉའ་བ་ལྕིད་འཕབ་ལ།།

ངལ་བ་མ་འཛིན་ཞབས་པད་གདུགས་དཀར་ཚེ་ལོ་གོ་ལྔའི་མི་འཇིགས་ཁྲིར།།

བཀོད་ཀྱང་མི་ངོམས་ཐུགས་རྗེའི་ལྷ་རེག་འཆི་མེད་ལམ་ལས་རིང་དུ་འགོངས།།


འདི་སྣང་འཁྲི་ཤིང་སྟུག་པོའི་ཚལ་དུ་འདོད་ཡོན་སྤྲེལ་སྨྱོན་ངང་ཚུལ་བཟུང་།།

དུག་ལྔའི་ཤིང་འབྲས་ཟས་སུ་སྟེན་རྣམས་བསྡུ་དངོས་རྣམ་བཞིའི་རྔ་ཡབ་ནི།།

རྗེས་བརྩེའི་ཕྱག་གིས་གཡོ་ལ་མི་ངལ་ཆོས་སྲིད་ཉི་ཟླའི་འོད་རླབས་ཟུང་།།

རྒྱལ་ཐབས་བྱེད་པའི་སྲིད་ཞིའི་སྐྱབས་མཆོག་སྨྲ་དབང་སེང་ཆེན་མི་ཡི་རྗེ།།


ཐོས་བསམ་བུ་མོ་རྟག་ཏུ་སྦྱོར་བའི་བཤད་སྒྲུབ་རྒྱལ་བསྟ༵ན་དགའ་ཚལ་ཆེ།།

འཛི༵ན་སྐྱོང་སྤེལ་ལ་ངལ་བ་མི་མཛད་གུར་གུམ་གསར་པའི་ལང་ཚོ་ཅན།།

རྣ༵མ་མང་འདུལ་འཛིན་བརྒྱ་ཕྲག་དུ་མ་ཐུགས་བརྩེའི་དྲི་ཡིས་ཉེར་སྐྱོང་ལ།།

འགྲན་ཟླ་ད༵ག་པའི་ཤེད་མོང་འཇལ་ལ་ཐོད་དཀར་སྲས་པོའི་ཕྱག་ཀྱང་ངལ།།


ཐེག་པ་རིམ་དགུ༵་སྨྲ་བའི་ལྗགས་ཡངས་གཙུག་ལག་བུ་མོའི་རུམ་བརྐྱངས་ནས།།

ས་བཅུ༵་བརྒལ་བའི་ཉམས་ལེན་ཞབས་ཟུང་སྲིད་པ་གསུམ་གྱི་རྩེ་མོར་བཀོད།།

གོ༵་ཐོས་ཙམ་གྱིས་ངོམས་པ་མི་འཛིན་རྣམ་རྩེན་མཁས་གྲུབ་འདུས་གླིང་ནས།།

ལྔ༵་རིག་རོ་ལྡན་ཧུབ་ཀྱིས་བཞེས་པས་གཞུང་བརྒྱ་སྨྲ་བའི་དབུས་ནས་བརྗིད།།


རིག་གསར་འཆི་བདག་འཁྲོས་པའི་ལག་གིས་རྙིང་གཏོར་རལ་གྲི་ཕྲག་ཏུ་ཁུར།།

གཤེན་བསྟན་མགྲིན་པ་གཅོད་པ་བྲེལ་ཚེ་ནགས་ཀྱི་དབང་པོའི་རྗེས་སུ་སོང་།།

མི་འཇིགས་རོལ་པའི་གདོང་ལྔའི་གླལ་སྒྲས་བོན་གྱི་བསྟན་སྲིད་ཚུར་འཕྲོག་སྟེ།།

ལྔ་སྙིགས་བསྟན་པའི་གསལ་སྒྲོན་མཛད་པས་ཀླ་ཀློའི་མུན་པས་ངུ་བཤུམ་བྱེད།།


ཟུར་མིག་གནམ་རུའི་རྒྱུན་བཟང་བཅངས་ཏེ་འཕྲ་ལྡེམ་སྐེད་པ་འོ་འཛིན་གྱིས།།

ཁུར་དུ་དུད་པའི་འཇོ་སྒེག་དཔལ་ཡོན་རྒྱབ་ཀྱིས་ཕྱོགས་ནས་བས་མཐའ་རུ།།

ས་བཅུའི་ཐེམ་སྐས་བརྒལ་ལ་མི་ངལ་རང་སེམས་འོད་གསལ་སྐྱོང་མཛད་ནས།།

འཇིག་རྟེན་གསུམ་གྱི་གཙུག་ན་ཕེབས་དེའི་ཞབས་པད་སྤྱི་བོའི་རྒྱན་དུ་འཇོག །


དགེ་ལེགས་བྱེ་བའི་རྡུལ་ཕྲན་གྱིས་མཛེས་དག་པ་མཁའ་སྤྱོད་ཞིང་ཁམས་སུ།།

བསོད་ནམས་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་ཐུགས་ཀྱི་སྣང་བར་མ་སོང་བས།།

ཆགས་སྡང་ང་རོའི་རྦ་རླབས་རྩེན་དེར་སྐལ་བཟང་རས་དཀར་ཡུག་ཅིག་གིས།།

ཁྱབ་པར་མཛད་པས་དད་འབངས་སྙིང་ལ་སྤྲོ་དགའི་རིས་མོ་གཡས་སུ་འཁྱིལ།།


ཚོགས་གཉིས་ཟླ་བའི་མཚོ་མོ་ལས་འཁྲུངས་དགྱེས་ཞལ་རི་དྭགས་མཚན་མ་ནི།།

འཇིག་རྟེན་གསུམ་གྱི་གཙུག་ན་མངོན་པས་མི་ཕྱེད་དད་པའི་པད་ཞལ་འཛུམ།།

མིག་ཀོང་མཆི་མའི་རྦ་རླབས་འཁྲུགས་ཏེ་སྙིང་ན་བདེ་དགའི་དཔལ་སྟེར་བའི།།

བརྩེ་ཆེན་སྙིང་རྗེའི་གར་ལ་རོལ་མཛད་སྨྲ་དབང་བླ་མ་བསྐལ་བརྒྱར་བཞུགས།།


                                     

                   2020-1-18ཉིན། 

   

  མཆོད་ཚིག་འཕར་པོའི་སྒྲ་དབྱངས། 



           ཁྲི་རིག་པའི་མདའ།


མཚར་སྡུག་ཡིད་འོང་ཟླ་ཤེལ་གསར་པའི་སྐུ།།

རྣམ་དག་ཚངས་དབྱངས་ལན་ཡག་དྲུག་ཅུའི་གསུང་།།

སྤྲོས་བྲལ་མཐོང་མཐིང་ནམ་མཁའ་དྭངས་པའི་ཐུགས།།

ཟླ་བྲལ་སྟོན་པ་གངས་རིའི་ཚིག་མཛོད་དཔལ།།


རླབས་ཆེན་ཚོགས་གཉིས་བསགས་པའི་པིར་སྨྱུག་གིས།།

མཚན་དཔེ་ལང་ཚོའི་རི་མོ་ཁྱུང་ཡུལ་བྲིས།།

དལ་འབྱོར་ཙན་དན་སྡོང་པོའི་འཁྲི་ཤིང་ལ།།

འབྲི་ཀློག་གསེར་གྱི་མེ་ཏོག་ཨ་ཁུས་བརྒྱན།།


ངེས་འབྱུང་རྟ་ཕོའི་གོམ་ལག་གཙང་ལ་བསྒྱུར།།

དཔལ་གྱི་གདན་ས་སྨན་གྱི་རི་བོ་ནས།།

ཕོ་རོག་དང་གའི་ལྕང་ལོ་རྒྱལ་བར་ཕུལ།།

གཙང་གཙུག་སྡོམ་པའི་སྤྲིན་དཀར་ཡིད་ལ་འཁྱུད།།


གཙང་གི་ཤེས་རིག་འཐུང་སྟེ་རབ་འབྱམས་འཆང་།།

ལུང་རྟོགས་བསྟན་པའི་འཁོར་ལོ་བསྐོར་དུས་ན།།

དུས་ཀྱི་འཕོ་འགྱུར་རླུང་ནག་འཚུབ་མ་ཡིས།།

ཁྱེད་སྐུ་ཨུ་དཔལ་དམར་པོ་ལྷོ་ལ་ཁུར།།


བལ་པོའི་བསོད་ནམས་བཟང་པོའི་ནམ་མཁའ་ལ།།

གང་ཉིད་ཐུགས་དགོངས་ཟབ་མོའི་སྐྱ་རེངས་ཀྱིས།།

བཤད་སྒྲུབ་སྒོམ་པའི་ཟླ་གཞོན་ཞིང་དེར་དྲངས།།

འཆད་རྩོད་པད་དཀར་ལྗོན་པའི་ལང་ཚོ་བཞད།།


དམུ་རྒྱལ་སྲས་པོའི་གསུང་གི་མཛོད་ཆེན་ལས།།

བྱུང་བའི་ཐེག་དགུའི་མི་འགྱུར་གཡུང་དྲུང་བོན།།

དྲང་ངེས་སྙན་པའི་རོ་དབྱངས་མགྲིན་པ་རུ།།

འཁྱིལ་བའི་ངག་རྩལ་སྐྱེ་བ་ལྔ་པའི་དབྱངས།། 

     

དབུ་ལོ་དཀར་པོར་ལུང་རྟོགས་འོད་ཟེར་འབར།།

དཔྲལ་བའི་རི་མོར་དུས་ཀྱི་འཕེལ་འགྲིབ་བྲིས།།

མུ་ཏིག་ཚེམས་བར་ལོ་རྒྱུས་ཞལ་ཆབ་འཐོར།།

གསང་གསུམ་མཛོད་འཛིན་སྨྲ་དབང་ཡོངས་འཛིན་རྗེ།།


རང་དོན་མཆི་མ་རྡོག་པས་ཐལ་བར་བརྫངས།།

བསྟན་དོན་བྱ་བར་ཚེ་སྲོག་འབེན་ལ་བཙུགས།།

ཤར་ནུབ་གྲོང་ཁྱེར་ཆེན་པོའི་སྒལ་གཞུང་དུ།།

བོན་གྱི་མགོ་རྣ་མཐོ་བ་ཁྱེད་ཀྱིས་དྲིན།།

     

སྙིགས་མའི་དུས་ཚོད་མུན་ནག་སྟུག་པོའི་མཁར།།

གཡུང་དྲུང་བོན་གྱི་བསྟན་པ་ཟླ་བ་ཡི།།

མདངས་ཀྱི་ཚུལ་དུ་ཕྱོགས་བཅུར་འཕྲོས་པ་དེ།།

བླ་མ་ཁྱེད་ཉིད་གཅིག་པུས་མཛད་རྗེས་ཡིན།།


འཆད་པའི་མཛད་པས་དྲེགས་ཆེན་ང་རོ་ཞི།།

རྩོད་པའི་མཛད་པས་རྒོལ་བའི་འུར་སྒྲ་གཉོམ།།

རྩོམ་པའི་མཛད་པས་སྨྱུག་ཐོགས་ང་རྒྱལ་དམའ།།

མི་ཚེ་དཔེ་ཆར་བསྟིམས་ཏེ་གོ་ལྔར་བཞེས།།

     

མདོར་ན་རྒྱལ་གཤེན་བསྟན་པའི་གདུགས་དཀར་མོ།།

གླིང་ལྔའི་རྩེ་རུ་བསྒྲེངས་ནས་དགུང་ལོའི་གྲངས།།

གོ་ལྔ་དང་ནི་ཁྲི་བརྟན་ནོར་བུའི་རྩེར།། 

བཤད་སྒྲུབ་བརྙེས་ནས་ཉེར་ལྔར་མཆོད་སྤྲིན་བཏེག།  


བསྐལ་བརྒྱར་བརྟན་པའི་སྨོན་ལམ།


ཁྱུང་དཀར་ཤེས་རིག །


དུས་གསུམ་གཤེན་རབ་ཡོངས་ཀྱི་སྤྱི་རྗེ་ཆེ། །

རྣམ་མཁྱེན་སངས་རྒྱས་སྟོང་གི་གཙུག་ཕུད་ཆེ། །

བསྟན་འཛིན་སེམས་དཔའ་འབུམ་གྱི་མིག་འཕྱེ་མཁན། །

རྣམ་དག་ཡོངས་འཛིན་དཔོན་གསས་ཉིད་ལ་འདུད། །


སྐུ་ཚེ་གངས་དཀར་ཏི་སེའི་བརྟན། །

གསུང་གདམས་མ་པང་གཡུ་མཚོའི་ཟབ། །

ཐུགས་ཉིད་དག་པ་རབ་ཏུ་འབྱམས། །

འགྲོ་བའི་མགོན་པོ་ཁྱེད་ཕྱག་འཚལ། །


ཀ་དག་དྲི་བ་བྲལ་བའི་ཐུགས་དབྱིངས་སུ། །

ལྷུན་འགྲུབ་ཚུལ་དུ་གསང་གསུམ་བོན་སྟོན་པ། །

སངས་རྒྱས་མི་གཟུགས་དངོས་བྱོན་རིན་པོ་ཆེ། །

ཁྱེད་ཀྱིས་མཛད་རིམ་གོ་ལྔའི་འཕྲིན་ལས་སྨར། །


མི་ལོ་གོ་ལྔར་ལས་བཞིའི་འཕྲིན་ལས་གང་། །

སྐལ་སྟོང་སངས་རྒྱས་སྟོང་ལས་ལྷག་པ་ནི། །

བོན་གྱི་འཁོར་ལོ་རྣམ་གསུམ་འཛམ་གླིང་དུ། །

ཁྱབ་བདལ་སྤེལ་བའི་འཕྲིན་ལས་ཆ་དེའི་གསལ། །


ཚངས་སྤྱོད་གཡུང་དྲུང་སེམས་དཔའི་ས་ཆེན་པོ། །

ད་ལྟའི་གངས་རིའི་མདུན་རྒྱབ་འདུས་སྡེ་ཙམ། །

སྤུས་དག་ཐོས་བསམ་ཅན་ཞིག་སྔར་དཀོན་པས། །

མཛད་འཕྲིན་སྨན་པའི་ཡོངས་འཛིན་སྨྲ་དབང་བསྟོད། །


མི་ལོ་གོ་ལྔར་ཕེབས་པའི་གངས་རིའི་ལྷ། །

འཛམ་གླིང་གཙུག་གི་ནོར་བུ་རིན་པོ་ཆེ། །

ཨ་སྙན་རྫོགས་གསུམ་བོན་བཞིན་སྟོན་མཛད་པ། །

སངས་རྒྱས་སྨན་རི་བ་ཁྱེད་ཁྲི་ལོར་ཤོག །


མ་ཅིག་ཡེ་ཤེས་དབལ་མོས་དབྱིངས་གཟིགས་ཏེ། །

བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྐལ་བརྒྱར་སྲིངས། 

ལས་བཞིའི་འཕྲིན་ལས་ནམ་མཁའི་མཐར་ཁྱབ་ཆེད། །

བོན་བཞིན་སྤྱོད་པའི་བོན་པོའི་གསོལ་བ་ཐོབས། །


སྤྱི་བོ་གནམ་ལ་གཏད་པའི་མགོ་ནག་ཚོ། །

རིན་པོ་ཆེ་ཡི་སྐུ་ཕྱྭེའི་ཞབས་བརྟན་གྱིས། །

ཚེ་ལུས་ལོངས་སྤྱོད་མི་ཟད་རྒྱན་ཆེན་པོ། །

འཛམ་གླིང་འདི་ན་ལམ་མེར་བརྟན་བཞུགས་ཞུས། །


སྐུ་ཚེ་སྔོན་མོ་ཆུ་ཡི་མཐའ་རིང་ཞིང་། །

མཛད་འཕྲིན་གངས་དཀར་ཏི་སེའི་གཞི་བརྟན་ཏེ། །

མཛད་བཟང་ཡངས་པའི་ཁམས་ཀྱི་རྒྱ་ཆེ་བར། །

དུས་གསུམ་ཀུན་ཏུ་དར་བའི་བཀྲ་ཤིས་གྱེར། །


གསང་གསུམ་མཛོད་འཛིན་སྨྲ་བའི་སེང་གེ་ཁྱེད། །

ཁྱེད་སྐུ་བསྐལ་པ་བརྒྱ་ནས་བརྒྱ་རུ་བརྟན། །

བརྟན་བཞུགས་གསོལ་བ་ལྷ་མི་ཀུན་གྱིས་འདེབས། །

བཏབ་པ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །


༢༠-༢༠-༡-༢༧།



གོ་ལྔའི་རྟེན་འབྲེལ་འཕར་མ་སྔགས།


རྒྱལ་བའི་བསྟན་པ་རིན་ཆེན་གསེར་ལས་གྲུབ།།

སྒོ་བཞི་མཛོད་དང་གླེག་བམ་སྔོན་པོ་ཅན།།

མཁའ་ལ་ཉི་ཟླ་ཇི་བཞིན་གསལ་བར་བྱས།།

སྨྲ་དབང་ཡོངས་འཛིན་བླ་མ་ཁྱེད་ཉིད་ཡིན།།


རྒྱལ་བ་གཉིས་པའི་མདོ་སྔགས་བསྟན་པ་ནི།།

དུས་འགྱུར་ཁྲོད་དུ་གཟིམས་ལ་ཉེར་བའི་སྐབས།།

འཆད་ཉན་སྲོལ་བཟུང་བསྟན་པའི་དར་ཆ་བསྒྲེངས།།

སྨྲ་དབང་ཡོངས་འཛིན་བླ་མ་ཁྱེད་ཉིད་དྲིན།།


ཕྱི་ནང་གསང་གསུམ་བོན་གྱི་འཇུག་སྒོ་དག།།

སྐལ་ལྡན་རྣ་བའི་དབང་པོའི་རྒྱུད་ལ་སྦྱར་།

འཁོར་ལོ་གསུམ་གྱི་གདུལ་བྱ་སྐྱོང་མཛད་པ།།

སྨྲ་དབང་ཡོངས་འཛིན་བླ་མ་དུས་ཀྱི་སྟོན།།


བཀའ་ཡི་དགོངས་འགྲེལ་སོཊ་ཀྱི་གསུང་པོད་བརྩམས།།

སྐུ་ཚེ་ཧྲིལ་པོར་བསྟན་པའི་དོན་ཆེན་དགོངས།།

ཁྱེད་ཀྱིས་མ་མཁྱེན་བོན་སྒོ་སྣ་གཅིག་མེད།།

སྨྲ་དབང་ཡོངས་འཛིན་བླ་མ་ཤེས་རབ་སེང་།


མང་ཐོས་མཚན་གྱི་ཅོད་པན་སྤྱི་བོར་བཞེངས།།

ཉིས་བརྒྱ་ལྔ་བཅུའི་དྲི་བཟང་སྐུ་ལ་འཐུལ།།

དྲང་སྲོང་ཁྱེད་འདྲ་སྲིད་ན་ཉིན་སྐར་ཙམ།།

སྨྲ་དབང་ཡོངས་འཛིན་བླ་མ་ཁྲི་གཙུག་རྒྱལ།།


མཁས་བཙུན་བཟང་གསུམ་རྒྱན་གྱི་ན་བཟའ་གསོལ།།

སྨྲ་སེང་གར་བརྒྱུར་མི་ཡི་གཟུགས་སུ་ཕེབས།།

བོན་སྒོ་མིག་འབྲས་བཞིན་དུ་སྟོན་མཛད་པ།།

སྨྲ་དབང་ཡོངས་འཛིན་བླ་མ་སྤྲུལ་པའི་སྐུ།།


སྨན་རི་ཚང་གི་ཟླ་བ་དཀར་པོ་ནི།།

གོ་ལྔ་ལོ་ཡི་འདབ་མ་ཁྲི་འཕང་བཏེགས།།

ཐུགས་ཀྱི་དགོངས་པ་ཐ་དག་ལྷུན་གྲུབ་ཤོག།།

སྨྲ་དབང་ཡོངས་འཛིན་བླ་མ་ཁྲི་ལོར་ཤོག།།


གུས་པས་སོར་བཅུ་ཐལ་མོ་སྙིང་ཁར་ཏེ། ཁྱེད་ཀྱི་རྗེས་སུ་འཛིན་པར་བྱིན་གྱི་རློབས། སྐུ་གསུང་ཐུགས་ཀྱི་བཞེས་དགོངས་ཐམས་ཅད་བགེག་མེད་ལྷུན་གྲུབ་ཡོང་བར་དང་སྐུ་ཚེ་མཐའ་རུ་ཕྱིན་ཞིང་ཡུན་ནས་ཡུན་དུ་བཞུགས་པར་མཛོད།

སོ་ཐར་རྒྱལ་མཚན་ནས་༢༠༢༠/༡/༢༨/ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།