༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 1
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 5 ཤིས་ཚིག
5 ཤིས་ཚིག
​ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་གོ་ལྔའི་མཆོད་འཕྲེང་མེ་ཏོག་དྲུག
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-01-29] [རྩོམ་པ་པོ།:ཁྱུང་སྨྱུག་མའི་འཛིན་གྲྭ།] [གཟིགས་ཐེངས:]

ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་

གོ་ལྔའི་མཆོད་འཕྲེང་མེ་ཏོག་དྲུག

1580282746179781.jpg


ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་

གོ་ལྔའི་མཆོད་འཕྲེང་མེ་ཏོག།

1

ང་མེད་ང་འཛིན་ནས།


ཀ་ཡེ་ནམ་མཁའི་དབྱིངས་ཀློང་ནས།།
ཁ་བའི་ལྗོངས་ལ་འོད་ཅིག་འཚེར།།
གངས་ཅན་ཡོངས་ཀྱི་གཙུག་གི་རྒྱན།།
ང་ཚོའི་བླ་མ་ཡོངས་འཛིན་མཆོག།

ཅ་ག་ཤེས་ན་རིག་པའི་མཛོད།།
ཆ་ཚང་གསལ་བའི་ཆུ་གཏེར་ཅན།།
ཇི་སྲིད་རིག་པའི་མཛོད་འཛིན་པ།།
ཉ་རྒྱས་ཟླ་བ་ཁྱེད་ཉིད་བསྟོད།།

ཏ་ལ་ལ་ཡི་འོད་ཀྱི་མདངས།།
ཐ་ཤལ་མུན་པ་རབ་བསལ་མཁན།།
ད་རེས་མཇལ་བའི་བསོད་ནམས་འདི།།
ན་གཞོན་ང་ཚོའི་ལས་སྐལ་བཟང་།།

པ་ཕའི་མགོན་གྱི་ལྷ་བུ་ཉིད།།
ཕ་ཡུལ་འདི་ཡི་སྐྱབས་དམ་པ།།
བོན་གྱི་བསྟན་པ་མེ་བཞིན་སྤར།།
མ་ཡུམ་གོ་ལའི་ཁྱོན་དུ་སྤེལ།།

ཙ་རི་གནས་ཀྱི་བགྲོད་པའི་ལམ།།
ཚ་གདུང་དཀའ་བ་བཅད་ནས་ནི།།
ཛ་ཧའི་བུ་མོའི་འགྲམ་རྒྱུད་པ།།
ཝ་ལེར་ང་ཚོའི་ཡིད་དུ་ཡོད།།

ཞང་བོད་རིག་པའི་རལ་གྲི་ཅན།།
ཟང་ཟིང་འདི་ནས་དབེན་དུ་ཕེབས།།
འ་ཅག་འགྲོ་བའི་མགོན་པོ་ཁྱེད།།
ཡ་གླིང་ལྗོངས་ནས་མཇལ་བར་སྨོན།།

ར་བ་གངས་ཀྱི་མུ་ཁྱུད་འདིར།།
ལམ་སྟོན་སྒྲོན་མེ་ཁྱེད་ཉིད་ལགས།།
ཤ་རུས་དད་པའི་སྤུ་ལང་གིས།།
ས་ཆེན་བླ་མ་ཁྱེད་ཉིད་བསྟོད།།

ཧ་ལམ་བསྟན་པའི་དོན་འདི་ཉིད།།
ཧ་སང་དགོས་པའི་བྱ་གཞག་བསྒྲུབས།།
ཨ་ཧོ་སོར་སྐྱེ་འགྲོ་བ་མི།།
ཨེ་མ་དམ་པའི་བཀའ་དྲིན་དྲན།།


1580282920404303.jpg


ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་

གོ་ལྔའི་མཆོད་འཕྲེང་མེ་ཏོག།

2

སྙིང་གསོན་པོ་ནས།

ཐབས་ཤེས་ཟུང་འབྲེལ་འདུལ་བྱ་འདྲེན་པའི་བསྟན་དོན་འབད།།
བཟང་པོའི་མཛོད་འཛིན་སྐྱོན་ཟད་ཟླ་བོ་གངས་རིའི་མགོན།།
གནས་ལུགས་ཟབ་མོ་མངོན་པར་འཕགས་པའི་སྐྱེས་བུ་དེ།།
ཁམས་གསུམ་མུན་པ་སེལ་བའི་སྒྲོན་མེའི་རང་མདངས་ཡིན།།

གོ་ལྔའི་དུས་བཟང་ཐོན་པ་དགའ་བ་འབུམ་གྱིས་སླད།།
ལྷད་མེད་བསམ་པའི་ཀློང་ནས་མཆོད་འཕྲིང་གི་སྨོན་ཚིག།།
བདག་གི་ལམ་སྟོན་སྒྲོན་མེ་གངས་རིའི་ཚིག་མཛོད་ལགས།།
གོ་ལྔའི་དུས་སྟོན་དྭངས་མ་དད་པའི་གློང་ནས་བསུ།།

སྲིད་གསུམ་འགྲོ་བའི་མགོན་པོ་འབངས་མའི་སྙིང་གི་ནོར།།
ཁྱེད་ནི་རྨོངས་བློ་འབྱེད་པའི་རིག་པའི་ལྡེ་མིག་སྟེ།།
བསྐལ་བ་སྲིད་པ་ཆགས་པའི་འཇིག་རྟེན་མི་ཡུལ་འདིར།།
དྲོད་སྐྱིད་སྣང་བ་གཏེར་མཁན་ཀུན་མཁྱེན་ཉི་མ་སྟེ།།

ཁྱེད་ཀྱི་མཛད་འཕྲིན་ཟབ་མོ་རྟག་ཏུ་མི་ནུབ་ཞིང་།།
དུས་འགྱུར་རླུང་ནག་འཚུབ་པའི་ཁྲ་ཁྲའི་འཇིག་རྟེན་འདིར།།
མགོན་གྱིས་ཐུགས་བསྐྱེད་སྐྱབས་འཇུག་ཁྲི་ལོ་བསྟན་པ་ནི།།

གུས་མོའི་གནམ་ལོ་གསར་ཚེ་ཁ་གཡང་ཐོག་མ་ཡིན།།


1580283071634361.jpg


ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་

གོ་ལྔའི་མཆོད་འཕྲེང་མེ་ཏོག།

3

ཁྲི་མུ་ཁྱུང་ནས།

ཕྱོགས་འཛིན་འཁྲུལ་ཟིང་ཆེ་བའི་རང་ཡུལ་དེ་བཞག་སྟེ།།
ལེ་བར་ཁྲི་ཕྲག་བརྒལ་བའི་དུས་མཚམས་གྱི་གནས་སུ།།
ལུང་རྟོགས་ཤེས་བྱའི་རླབས་རིས་ཐུགས་ངོས་སུ་འཕྱོ་བའི།།
སྐལ་ཁུག་སྟོན་པ་ཁྱེད་ཀྱི་མཚན་སྙན་དེ་བརྗིད་དོ།།

གཤེན་བསྟན་རིན་ཆེན་སྤུང་པའི་དབུས་རི་ཡི་འཐིལ་དུ།།
འཁོར་བའི་འཆིང་ཐག་བྲལ་བའི་བསླབ་གསུམ་གྱི་དྲི་བཟང་།།
བསྟན་པའི་སྒོ་བརྒྱ་འབྱེད་པའི་གཤེས་གཉེན་གྱི་ཐུ་བོ།།
མི་ནུབ་རྒྱལ་མཚན་འཛུག་པའི་མཁའ་ལྡིང་གི་དབང་པོ།།

མང་ཐོས་ནོར་བུ་ཕྱེ་མའི་ཁུར་ཆེན་ཞིག་བཏེགས་ཏེ།།
དུག་ལྔའི་བདུད་སྡེའི་དཔུང་ཚོགས་ཐ་རམ་དེ་བརྟོལ་ཞིང་།།
ངེས་དོན་ཟབ་ལམ་མན་ངག་ལྗག་རྩེ་ནས་འཐོར་བའི།།
དུས་ཀྱི་དཔའ་བོ་ཁྱེད་ལ་མཆོད་ཚིག་ཞིག་འབུལ་ལོ།།


1580283195946611.jpg


ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་

གོ་ལྔའི་མཆོད་འཕྲེང་མེ་ཏོག།

4

ཁྱུང་ཁོད་སྤྱོད་ཀྱིས།

བཟང་དགུའི་ཡོན་ཏན་ཀུན་ལ་ཁྱབ་ཅིང་གདུལ་བྱའི་བསོད་ནམས་ལས་འཁྲུངས་པའི།།
བསྟན་པའི་མཛོད་ཕུགས་སྲོག་གི་ཀ་ཆེན་རྒྱལ་བའི་རྒྱལ་ཚབ་སྨྲ་དབང་ལགས།།
དགུང་གྲངས་དགུ་བཅུ་གོ་ལྔ་ཕེབས་པའི་དུས་བཟང་ཚེས་བཟང་སྐལ་བཟང་ཉིན།།
དྲན་སེམས་དགའ་བ་འབུམ་གྱི་ཕྱུག་ཅིང་ཤིས་ཚིག་སྟོན་གྱིས་འོད་ཟེར་འཚེར།།

སྲིད་ཞི་གཉིས་ཀྱི་ཕར་མཐའ་བརྒལ་བའི་འཕགས་པ་གོང་མའི་རྣམ་སྤྲུལ་བ།།
སྐུ་གཉིས་རིན་ཆེན་གཏེར་ཁ་མ་ལུས་མཁྱེན་གཉིས་ཐུགས་སུ་ཆུད་ཟིན་ཡང་།།
མཛད་སྤྱོད་ཞི་དུལ་བག་ཕེབས་ངང་ནས་འདུལ་ཁྲིམས་མིག་འབྲས་བཞིན་དུ་སྲུང་།།
རྒྱལ་བ་གཉིས་པའི་རྒྱལ་ཚབ་རྗེ་ཅིག་དགུང་གྲངས་བསུ་བའི་སྐལ་པ་བཟང་།།


བློ་འདས་ཟབ་མོའི་དགོངས་སྤྱོད་རྫོགས་རུང་གདུལ་བྱ་འདྲེན་པའི་དཔའ་བོ་ཁྱེད།།
མཚར་སྡུག་གངས་ལྗོངས་ས་ཡི་ཐིག་ལེར་འགྲོ་བ་མི་ཡི་གསོས་སུ་འཁྲུངས།།
གཤེན་བསྟན་ཀ་ཆེན་གྱེན་དུ་སློང་སྟེ་མཛད་འཕྲིན་ནུབ་མེད་མཁའ་རུ་ཕྱར།།
ཨེ་མ་དུས་ངན་གསལ་བའི་སྒྲོན་མེའི་དགུང་གྲངས་བསུ་བའི་སྐལ་པ་བཟང་།།


ཁྱེད་ནི་འགྲོ་བའི་ཚེ་སྲོག་བརྟན་བའི་ཡབ་ཆེན་ཚེ་ཡི་རྒྱལ་པོ་ཞིག།
ཁྱེད་ནི་སོ་ཐར་ཚང་གི་གཤེན་གཞིས་གཙང་བའི་གཙུག་ལག་ཁང་ཆེན་ཞིག།
གཞིས་བྱེས་ཡོངས་ཀྱི་དད་དཔོན་ཚེ་ནོར་ཁྱེད་ནི་གཡང་གི་གཏེར་བདག་ཞིག།
ཁྱེད་ནི་ཚེ་ལོ་ཁྲི་ཕྲག་དུ་མར་ང་ཚོའི་མགོན་དུ་བཞུགས་པར་མཛོད།།


1580283343411186.jpg 


ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་

གོ་ལྔའི་མཆོད་འཕྲེང་མེ་ཏོག།

5

ལྕཊ་ཀྱུ་མདའ་མོ་ནས།

གངས་ཅན་རིག་པའི་སྲོག་གི་མཛོད་འཛིན་སྨྲ་དབང་སེང་ཆེན་རིག་པའི་གཏེར། །
མཚན་དཔེའི་ལང་ཚོ་གེ་སར་གཞོན་ནུ་ཁྱུང་ཡུལ་ས་ཡི་མཐིལ་ནས་བཞད། །
དུས་འགྱུར་རླུང་ནག་འཚུབ་མའི་གསེབ་ནས་སྙིང་སྟོབས་རི་བོའི་གསས་མཁར་བརྩིགས། །
སྐུ་ལུས་མདའ་ཡིས་དུམ་བུར་བཀས་ཀྱང་མཉམ་མེད་གསེར་གདུང་གཏེར་དུ་སྦས། །

སྐྱ་རེངས་འོད་ཀྱི་འཛུམ་རིས་བཀྲ་བའི་བསླབ་གསུམ་ནོར་གྱི་བདག་པོ་ཞིག །
གངས་ཅན་རི་བོའི་ཕ་མཐར་བརྒལ་ཏེ་སྙན་པའི་གྲགས་པས་གོ་ལར་འཁྱུད། །
ཞལ་གསུང་ཚིག་གི་བརྗོད་བྱའི་རླབས་འཕྲེང་མདོ་སྔགས་བསྟན་པའི་ཟབ་ཡང་བཅུད། །
གསེར་ལྡན་མཛིན་མའི་ཁྱོན་འདིར་དཀོན་པའི་ལེགས་བཤད་གསེར་གྱི་བྱུར་བུར་གཏམས། །

མཁྱེན་དཔྱོད་ལྷ་ལམ་ཡངས་མོའི་ངོགས་སུ་ཤེས་བྱའི་རྒྱུ་སྐར་རྣམ་པར་བཀྲ། །
རྨད་བྱུང་ཐུགས་བསྐྱེད་ལོ་འདབ་དཀར་པོས་འཁོར་བ་སྡུག་གི་སྲིད་མཚོ་སྐེམ། །
གསང་ཆེན་མགྲིན་པའི་ངག་གི་དབྱངས་རྟས་ལོག་སྨྲའི་རི་བོ་ཐང་དུ་བསྙིལ། །
འཛམ་གླིང་མཁས་པའི་ཡང་བརྩེའི་ཁྲོད་ནས་གངས་རིའི་ཚིག་མཛོད་ཅེས་སུ་གྲགས། །


གང་སྐུ་ཡོན་ཏན་ཕུང་པོས་བཞེངས་པའི་རྒྱལ་ཀུན་སྙིང་གི་ཐིག་ལེར་དགྱེས། །
ལྟ་སྤྱོད་སྒོམ་པའི་ལང་ཚོའི་ནོར་བུ་བཤེས་གཉེན་འབུམ་གྱི་བཅུད་དུ་ཕྱུང་།
ཀ་དག་གཤིས་ལུགས་མངོན་ཞལ་མཇལ་བའི་འཛམ་གླིང་རྒྱལ་སྲས་གཞོན་ནུ་ཁྱེད། །
དགུང་གྲངས་གོ་ལྔའི་དུས་སྟོན་བསུ་ཞིང་བསྐལ་བརྒྱའི་བར་དུ་བཞུགས་གསོལ་འདེབས། །


1580283440350303.jpg


ཁྱུང་སྨྱུག་མའི་འཛིན་གྲྭའི་ཁ་བྱང་གཅིག་པའི་རྩོམ་ཐེངས་ལྔ་པའི་

གོ་ལྔའི་མཆོད་འཕྲེང་མེ་ཏོག།

6
ཁྱུང་བསིལ་རླུང་གིས།


རིག་པའི་ཀློང་ནས་ལྡིང་པའི་ཁྱུང་ཆེན་ལགས།།
ཐབས་ཤེས་ཟུང་དུ་འབྲེལ་བའི་ཤེས་རབ་ཀྱིས།།
མ་རིག་ལོག་རྟོག་སྲིད་པའི་འཁོར་ཚོགས་དང་།།
རྨོངས་བཏུམ་ལོག་རྟའི་བདུད་ཚོགས་རླབས་ཀྱིས་གཅོམ།།

གངས་ཀྱི་རི་སོལ་འདི་ཡི་རྒྱབ་རོལ་ན།།
གཤེན་བསྟན་ཉི་མའི་ཟེར་གྱི་འོད་སྤྲོས་ནས།།
འཆད་རྩོད་པད་མའི་ཚལ་གྱི་འདབ་བརྒྱ་འཁྲུངས།།
གྲགས་སྙན་ཐུགས་བཀོད་ཡངས་པའི་མཐའ་མཉམ་མོ།།


སླབ་གསུམ་རིག་པའི་གཏེར་མཛོད་ནོར་བུའི་ཕུད།།
ཕྱི་ནང་སློབ་ཚོགས་དུ་མའི་མདུན་ཁྲོད་ཀྱི།།
ཐར་ལམ་གསལ་བའི་འོད་པོ་ཁྱེད་ཉིད་དོ།།
མཚུངས་མེད་བླ་མར་ཁྱེད་ལ་སྙིང་ནས་གུས།།

འགྲོ་འབངས་ཀུན་གྱིས་བསོད་ནམས་ལས་འཁྲུང་པའི།།
བསྟན་པའི་སྲོག་འཛིན་འགྲོ་བའི་དོན་གཉེར་པའི།།
ལྷ་སྲས་མི་ཡི་གཟུགས་སྤྲུལ་སྐྱེས་འཕགས་པོ།།
ཁྱེད་ནི་དད་སྨོན་གུས་པའི་གཙུག་ན་མཛེས།།


ཁྱེད་ཀྱིས་སྒྲོན་པའི་བསྟན་པའི་དར་ཆེན་དག།
དགུང་སྔོན་ནམ་མཁའི་མཐོངས་སུ་ལྷང་ངེར་བརྗིད།།
ཁྱེད་ཀྱིས་འཆད་པའི་ལེགས་བཤད་ཟབ་མོ་སྟེ།།
ཀུན་ཀ་ཡི་ག་འགྱེད་པའི་ནོར་མཆོག་ཞིག།

སྐལ་བཟང་བསྟན་པའི་སྒྲོན་མེ་ཡོངས་འཛིན་ལགས།།
བགྲང་བྱ་གོ་ལྔའི་དགའ་སྟོན་འབུམ་གྱིས་བསུ།།
སྐུ་ཚེ་སྐལ་རྒྱལ་མཛད་འཕྲིན་ནུབ་མེད་ཞིང་།།
ཞྭ་དཀར་བསྟན་པའི་གཙུག་ཏུ་ཡང་བཞུགས་ཤོགས།།



1580283499271990.jpg 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།