༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 6
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
དྲིན་ཆེན་བླ་མ་གཤེགས་པས་སྐྱོ་གདུང་གི་མིག་ཆུ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-02-23] [རྩོམ་པ་པོ།:ལྷ་ཁྱུང་རྒྱལ།] [གཟིགས་ཐེངས:]

  1582461440626432.jpg

གཤེན་རབ་མི་བོའི་བསྟན་པའི་རྗེ་འབྲངས་ཀྱི་འབངས་མིར། །
སྔར་བསཊ་བསོད་ནམས་ལས་ཀྱིས་སྐྱེས་ཆེན་ཁོང་འཁྲུངས་སོང་། །
གསང་གསུམ་འཕྲིན་ལས་རྟ་བདུན་སྣང་བ་ཀུན་རྫོགས་ཤིང་། །
འཆི་མེད་གྲུབ་བརྒྱའི་གཙུག་གི་རྒྱན་གཅིག་ལ་འདུད་དོ། །


སྒྱུ་ལུས་གདོད་བཅས་ཤ་ཁྲག་ཕུང་པོ་འདི་དོར་ནས། །
བློ་འདས་ལྟ་བའི་རྣམ་བཞག་རྗེན་གཅེར་དུ་མཐོང་གིན། །
ཚུར་མཐོང་དད་པས་བཀུར་བའི་དོན་དམ་གྱི་རྒྱལ་པོ། །
ཞི་དུལ་བག་ཡོད་ངང་ནས་གཟིགས་པ་འདི་ཅིས་རྨད། །


རྩེ་མོ་དྲུག་གི་ཁང་བཟང་གནམ་མཐོང་གི་ཟླ་བར། །
རི་དྭགས་རྨས་མ་བཞིན་དུ་གཅིག་པུར་ངང་བཞུགས་དུས། །
འཚང་ཁ་ཤིག་ཤིག་ངང་ནས་མཇལ་འདོད་ཀྱི་བསམ་པ། །
དད་ལྡན་གང་ལ་སེམས་ན་རེ་ཞིག་ཡང་དཀོན་འདུག །


རྟག་ཏུ་རེ་བའི་མིག་རྒྱང་མཐོ་ས་རུ་འཕངས་ཤིང་། །
དྲུང་མུ་གྱེར་གྱི་སྐྱབས་འོག་ཞུམ་ཞུམ་དུ་འགྲོ་བའི། །
སྐལ་ལྡན་དྭངས་བ་འདྲེན་པའི་སྐྱབས་མགོན་གྱི་བླ་མ། །
རྗེན་གཅེར་གཡོ་མེད་བཀོད་པ་ལྷང་ངེར་དུ་བཞུཊ་ཐལ། །


ཆོས་ལུགས་ཆོལ་ཁ་རིས་མེད་བྱམས་བརྩེ་ཡིས་ཕྱུག་ཅིང་། །
མ་བསྡུས་ངང་གིས་ཕེབས་པའི་དད་ལྡན་གྱི་ཁྱུ་ཚོགས། །
གནས་མལ་སྡོད་ཁང་བཅས་པ་བསྩལ་སྲོལ་དུ་ཡོད་ཚུལ། །
ད་བཞུཊ་སློབ་འབངས་ཡོངས་ཀྱི་གཙུག་མགོན་གྱིས་གསུང་གྲུབ། །


སྔོན་འགྲོ་དངོས་གཞི་རྩ་རླུང་བཅུད་ལེན་སོཊ་གནང་དུས། །
རང་བཞིན་དད་དམ་གཡོ་བར་ནད་ཐོག་གི་སྨན་བཞིན། །
དམ་པ་གང་གི་གདུལ་སྐལ་གྱུར་པ་འགའི་ཞལ་ནས། །
ཡང་ཡང་ཐོས་པ་བཙའ་ན་ཁོ་བོ་ལས་གཞན་མང་། །


ཉམ་ཐག་འགྲོ་བའི་མཆོད་གནས་དབེན་དགོན་དུ་ཕེབས་ནས། །
དམངས་སྒོར་འབུམ་ཕྲག་དུ་མར་ཕངས་མེད་ངང་ཕུལ་ཞིང་། །
ཡིད་འོང་པད་མའི་ཚལ་བཞིན་བརྗིད་ཉམས་དང་བཅས་པ། །
རྨད་བྱུང་ལེགས་གྲུབ་དགའ་སྟོན་སྙིང་དབུས་ན་རོལ་ཟིན། །


འབྱུང་བཞི་རང་དབང་ཐོབ་པའི་དྲན་དབང་བཞིན་འགྱིང་ནས། །
རྗེན་གཅེར་དཀའ་ཐུབ་མཛད་པ་བཅུ་ཕྲག་ལོར་བརྒྱུས་ཁར། །
བཟའ་བཏུང་བློ་བཏང་མཛད་པར་ཡིད་རངས་གི་བསྔགས་བརྗོད། །
རིས་མེད་གྲུབ་མཐའ་རྣམས་ཀྱིས་གུས་པ་ཡང་གཅིག་མིན། །


མཚན་ཙམ་ཐོས་པས་གྱེར་བསྟན་རང་བཞིན་གྱིས་ངོ་སྤྲོད། །
དབུལ་ཞིང་འཕོངས་བའི་དྭ་ཕྲུག་གཅེས་ཉར་སོཌ་མཛད་པ། །
མཛེས་རྒུའི་རྒྱན་དུ་མ་བརླམས་དཀྱུས་མའི་ངང་འཚོ་དུས། །
སེམས་དཔའི་འགྲོ་དོན་ཟེར་བ་འདི་ལྟར་ཞིག་མིན་འགྲོ། །


ཟུར་ཟ་སྨ་འབེབས་བྱེད་པའི་ཀུ་ཅོ་ཡི་ཁྲོད་ནས། །
ངལ་བ་འཛེམ་ཟོན་མེད་པར་དཀའ་ཐུབ་ལ་གཞོལ་ཞོར། །
ཨ་དཀར་བུམ་སྒྲུབ་ཆེན་མོའི་སྲོལ་ཆེན་རྣམས་འཛིན་ནས། །
དད་དམ་གཡོ་བ་མེད་པའི་བློ་རྩེ་ཡང་ཁྱེད་གཏད། །


སྐུ་ཚེ་དཀོར་ལ་འབད་དུས་ངལ་དུབ་ཀྱིས་མ་སླད། །
བློ་རྩེ་རྣལ་དུ་ཕབ་དུས་སྐད་ཅིག་ཙམ་མ་བཟོད། །
ཁ་ནས་བྱམས་བརྩེ་སྙིང་རྗེའི་དམན་ས་རུ་བཟུང་བའི། །
རང་རེ་ཁྲི་འཕང་ཏོག་གི་བླ་མ་འདྲ་ཁྱེད་མིན། །


ད་ལན་འགྲོ་བ་གཞན་ངོར་གཟིགས་ཚུལ་དུ་བསྟན་པར། །
སྐྱོ་གདུང་མིག་ཆུ་འབྲུག་པ་རང་བཞིན་གྱིས་འོང་འདུག །
དཀྱིལ་དྲུང་བཀོད་པ་ཙམ་ལས་མཇལ་ཡུལ་དུ་མ་གྱུར། །
ཅིས་ཀྱང་སེམས་ཕམ་ཡིད་སྡུག་ཚད་མེད་ཀྱིས་མནར་སོང་། །


བདག་འདྲའི་རང་རེ་ཕལ་མོ་སྐྱབས་འོག་ཏུ་འཁོད་པར། །
ཐུགས་རྗེས་གཟིགས་པ་མ་རལ་སྙིང་དབུས་ནས་སྨོན་ནོ། །
ཤུལ་ལུས་དྭ་ཕྲུག་འབངས་མིས་དགེ་སྐུལ་ལ་བརྩོན་ཆེད། །
མྱ་ངན་འདའ་བ་ཡིན་པར་རྒྱུ་མཚན་ཡང་ལོས་ལྡན། །


དགོས་མེད་རྣམ་རྟོག་ཟབ་མོའི་རྗེས་འབྲང་གི་སློབ་བུར། །
ཐུགས་རྗེའི་ར་མདའ་སྦྲན་ཞེས་གསོལ་བ་ཡང་འདེབས་ན། །
སྙིང་རྗེའི་སྙིང་པོའི་ཀློང་ནས་འབྲལ་མེད་དུ་གཟིགས་ཞེས། །
ཡིད་ཆེས་དད་པའི་ཀློང་ན་ཟུམ་པ་ཡང་སྔར་བཞིན། །


ཁ་དཀར་ཟླ་བའི་ལང་ཚོའི་འཛུམ་བག་དེ་གྱོན་ནས། །
མེད་ན་ཡོད་མདོག་ཟོལ་གྱིས་བརྫུས་པ་ཡང་མིན་པར། །
བསླུ་མེད་དཀོན་མཆོག་གསུམ་གྱི་དཔང་པོ་ཡང་གནང་ངེས། །
དེས་ན་རྣམ་དག་དྭངས་གཙང་ལྷད་མེད་ཀྱིས་བསྐུལ་ལོ། །


གདུང་འདེབས་མཆོད་འབུལ་སྐབས་ཀྱི་བགོ་སྐལ་དང་བསྟུན་ཏེ། །
རྣམ་གསུམ་སྙིང་པོ་གང་ཐུབ་ཅི་ཐུབ་ཀྱིས་བསྒྲུབ་ནས། །
དགེ་སྒྲུབ་སྡིག་སྤོང་ལས་ལ་འབད་བརྩོན་གྱིས་འཁྱོལ་ཐུབ། །
སྲ་མཐའི་བྲག་རི་བཞིན་དུ་དམ་བཅའ་ལ་རེམ་དགོས། །


2020/2/23གཟའ་ཉི་མ་ཉིན་གཙང་མདོ་བཀྲ་ཤིས་འཁྱིལ་ནས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།