༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དགོན་གནས། > 1 གནས་རི།
1 གནས་རི།
གནམ་མཚོ་གནས་ཀྱི་དཀར་ཆག་ལས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-28] [རྩོམ་པ་པོ།:རིག་འཛིན་ཀུན་བཟང་བསྟན་འཛིན།] [གཟིགས་ཐེངས:]

20131110173926129.jpg

གནམ་མཚོ་གནས་ཀྱི་དཀར་ཆག་ལས།

     སྐྱེ་མེད་སྤྲོས་བྲལ་ནམ་མཁའ་དག་པའི་ཀློང་།  །འགག་མེད་ཐུགས་རྗེ་རྟ་ལྗང་འོད་ཟེར་འཕྲོ།  །གཉིས་མེད་བྱིན་རླབས་ཚ་ཟེར་ཡོངས་སུ་རྒྱས།  །དབྱེར་མེད་རིག་འཛིན་རྣམས་ཀྱི་ཞབས་ལ་འདུད།  །རང་རིག་མ་བཅོས་ཧ་སང་རྒྱ་ཡན་ངང་།  །ལྷན་སྐྱེས་ཡེ་ཤེས་གཏུམ་མོའི་དྲོད་དང་བཅས།  །སྣང་ཁམས་སྟོང་གཟུགས་འོད་གསལ་བདེ་བའི་ཞིང་།  །སྐད་ཅིག་ལྷག་མཐོང་རིག་པའི་རང་མདངས་ལས།  །གསང་བའི་རིག་འཛིན་དམར་སྨུག་བྲམ་ཟེའི་ཚུལ།  །ཌཱ་རུ་རྐང་གླིང་འཛིན་ཞིང་ཕྱེད་དཀྱིལ་མཛད།  །བདག་ལ་ཞལ་གྱིས་གཟིགས་ནས་འདི་སྐད་གསུངས།  །ཨ་ཧོ་སྐལ་ལྡན་རྣལ་འབྱོར་རིགས་སད་བུ།  །ཚེ་རབས་སྔོན་ནས་སྦྱོང་པའི་ལས་འཕྲོ་ཅན།  །ད་ལྟ་སྟོང་རྒྱུང་ང་དང་དུས་འདིར་འཕྲད།  །རླུང་སེམས་ཟུང་འཇུག་གཏུམ་མོའི་ཉམས་ལེན་ལ།  །ངེས་འབྱུང་བསྐྱེད་ལ་རྐྱེན་ཁར་མ་ཤོར་ཞིག  །བཟུང་དང་མནན་དང་འཕང་བའི་རླུང་རྣམས་ལ།  །ཉོན་མོངས་རྟོག་ཚོགས་བློ་ཡིས་མ་ལྷད་པར།  །བསྐྱེད་རིམ་ལྷ་གསལ་བདེ་རླུང་ཚད་ལྡན་སྒོམས།  །ཨ་ཐུང་བདེ་དྲོད་སྤུ་ཡི་ཤད་མ་ཙམ།  །བྱང་སེམས་ཧྃ་དཀར་ཡས་འབབ་བདེ་སྟོང་སྐྱེ།  །དགའ་བཞི་ཡེ་ཤེས་ཉམས་ཀྱིས་མྱོང་བར་གྱིས།  །རིག་སྟོང་སྐྱེ་མེད་བོན་སྐུའི་ཏིང་འཛིན་ལ།  །བློ་བཅོས་བྲལ་བའི་ངོ་ལ་ཧ་སང་ལྟོས།  །སྟོང་རྒྱུང་ང་ཡི་ཉམས་ཀྱི་གདམས་པ་ཡིན།  །རྟེན་དང་རྟེན་མེད་ཚུལ་དུ་ཉམས་སུ་ལོངས།  །ལྟ་སྒོམ་བོགས་འདོན་གྱིས་ཤིག་སྐལ་ལྡན་བུ།  །ཞེས་གསུངས་རིག་འཛིན་ཆེན་པོ་ཁྲོ་ཉམས་ཀྱིས།  །སྡིགས་མཛུབ་མཛད་པས་བདག་ཀྱང་བདེ་སྟོང་གི  །ཉམས་མྱོང་སྐྱོངས་ཤིང་ཉམས་ཀྱི་གླུ་དབྱངས་ཐོལ།  །བདག་གིས་རིག་འཛིན་ཆེན་པོར་འདི་སྐད་ཞུས།  །ཨ་བདག་གི་རང་རིག་མ་བཅོས་རིག་སྟོང་ངང་།  །རིག་འཛིན་ཆེན་པོའི་ཞལ་མཇལ་ཨེ་མ་མཚར།  །སྒོ་གསུམ་གཅིག་ཏུ་བསྡུས་ཏེ་ཕྱག་འཚལ་བས།  །ཚེ་རབས་ལས་ཉོན་སྒྲིབ་པ་བྱང་བར་མཛོད།  །བདག་ནི་གཅོང་རོང་འཁོར་བའི་དུག་མཚོ་ན།  །ཆགས་སྡང་དགྲ་གཉེན་ལས་ཀྱི་སྡུག་བསྔལ་མྱོང་།  །ཉོན་མོངས་སྣ་ཚོགས་ཐ་ཚན་ཆུ་ལྟར་ཁོལ།  །སྒྲིབ་གཉིས་རྟོག་པས་བདག་ལ་འཆིང་བ་ན།  །རིག་འཛིན་ཆེན་པོས་ཐུགས་རྗེས་བྱང་བར་མཛོད།  །བདག་ལུས་ལོངས་སྤྱོད་བུ་དང་ཆུང་མ་སོགས།  །མཆོད་པའི་ཚོགས་སུ་དམིགས་ནས་རྗེ་ལ་འབུལ།  །འཁོར་བ་སྒྲོལ་བའི་ངེས་འབྱུང་ཁྱད་པར་ཅན།  །གྲུབ་པ་བརྙེས་པའི་རྟོགས་པ་ཐུན་མིན་ཞིག  །བདག་གི་རྒྱུད་ལ་ཕོས་མཛོད་བླ་མ་རྗེ།  །ཞེས་ཞུས་མིག་ནས་འཆིལ་མ་འདྲིལ་ཞིང་དགའ་དང་སྤྲོ་བའི་དད་པ་བཅོས་མིན་ཞིག་སྐྱེས་ཏེ།  །རིག་འཛིན་ཆེན་པོའི་ཕྱག་གི་དབང་མཛད་ཅིང་།  །བདག་གི་ཐུགས་ཀྱི་སྲས་གཅིག་སྙན་གསོན་དང་།  །བདེ་སྡུག་སྣ་ཚོགས་འཁོར་བའི་གྲོང་ཁ་ན།  །ཡིད་སུན་མ་བསྐྱེད་རོ་སྙོམ་ཉམས་ལེན་སྐྱོངས།  །དགའ་དང་སྐྱོ་བའི་སེམས་ཀྱི་འཁྲུལ་རྟོག་ལ།  །འཛིན་པ་མ་བྱེད་རིག་སྟོང་རྗེན་པར་ལྟོས།  །རླུང་སེམས་ཟུང་འཇུག་ཉམས་ལེན་བདེ་སྟོང་ལ།  །རྣམ་རྟོག་མ་ལྷད་ཏིང་འཛིན་གནད་དུ་ཟུངས།  །ཉེར་གཅིག་མཚམས་ནས་འབར་བ་རྣམ་གསུམ་འབྱུང་།  །བདེ་དྲོད་འབར་དང་རིག་སྟོང་ཡེ་ཤེས་འབར།  །ལྟ་སྒོམ་ཀློང་གྱུར་བོན་ཚིག་སྔགས་ནུས་འབར།  །ཉམས་སུ་ལེན་ཞིང་ང་ལ་གསོལ་བ་ཐོབས།  །མི་བསླུ་ངེས་པས་སྐལ་ལྡན་སྣང་བ་བསྟོད།  །དེ་ནས་བདག་གིས་རིག་འཛིན་ཆེན་པོ་ལ།  །མོས་གུས་གདུང་བ་དྲག་པོས་འདི་སྐད་ཞུས།  །བོད་ཡུལ་གནས་མཆོག་གནམ་མཚོའི་དཀར་ཆག་དང་།  །བཟང་ངན་ལེགས་ཉེས་མ་འོངས་ལུང་བསྟན་ཞིག  །རིག་འཛིན་ཆེན་པོས་བདག་ལ་གསུང་བར་ཞུ།  །ཞུས་པས་ཧཱ་ཧཱ་ཧཱུྃཿཧཱུྃཿཕཊཿགསུངས་ནས།  །ཉོན་ཅིག་འཁྲུལ་ཞིག་སྐལ་ལྡན་རྣལ་འབྱོར་བུ།  །ཡེ་ཤེས་མཁའ་འགྲོ་ཀྱེ་མ་འོད་མཚོ་མས།  །བྱིན་གྱིས་བརླབས་པའི་གནས་མཆོག་གནམ་མཚོ་ཡི།  །མཚོ་སྟེང་ངོ་མཚར་ཤེལ་གྱི་ཕོ་བྲང་ཡོད།  །ཀྱེ་མ་འོད་མཚོ་གནས་གསུམ་མཁའ་འགྲོས་བསྐོར།  །ཚད་མེད་མ་བཞི་བྱ་ར་མ་དྲུག་དང་།  །གནས་ཆེན་ཉེར་བཞི་མཁའ་འགྲོ་འཁོར་དང་བཅས།  །ཁྱད་པར་གནམ་མཚོ་འདི་ཡི་གནས་ཀྱི་བདག  །མཁའ་འགྲོ་ཀླུ་གདོང་བསྟན་སྲུང་ཡུམ་སྲས་ལྔ།  །གཞན་ཡང་ཡེ་ཤེས་རྫུ་འཕྲུལ་ལས་ཀྱི་འཁོར།  །མཁའ་འགྲོ་འབུམ་ཚོ་གསུམ་གྱིས་བསྐོར་ནས་ཡོད།  །མཚོ་ཡི་ཕྱོགས་བཞིར་རིགས་རྟགས་རྡོ་ཆེན་བཞི།  །ཤར་གྱི་རྡོ་ལ་ཕ་བོང་གཡུང་དྲུང་ཅན།  །དབལ་ཆེན་འབྲུག་གསས་ཁྲོ་བོའི་དཀྱིལ་འཁོར་དང་།  །ཁྲ་སྤྱང་སྤར་མ་བརྒྱད་སྐུའི་རང་བྱོན་ཡོད།  །བྱང་གི་རྡོ་ལ་དབལ་ཆེན་རམ་པ་ཡི།  །དཀྱིལ་འཁོར་ཆེན་པོ་ངོ་མཚར་ལྡན་པ་དང་།  །བྲག་གི་ངོས་ལ་འཁོར་ལོ་རང་བྱོན་ཡོད།  །ནུབ་ཀྱི་རྡོ་ལ་ཕ་བོང་ཤེལ་མདོག་སྟེང་།  །མཚལ་གྱི་པད་མ་ཧ་ཡིག་རང་བྱོན་ཡོད།  །དབལ་ཆེན་རོལ་པ་ཁྲོ་བོའི་དཀྱིལ་འཁོར་ཡོད།  །ལྷོ་ཡི་རྡོ་ལ་དུར་ཁྲོད་ཆེན་པོ་ཡོད།  །རྡོ་ཡི་དབྱིབས་ལ་རིན་ཆེན་འབར་འདྲ་ཡོད།  །དབལ་ཆེན་འབུམ་པ་ཁྲོ་བོའི་དཀྱིལ་འཁོར་ཡོད།  །མཚོ་ཡི་སྟེང་དུ་འོད་ཀྱི་གུར་ཁང་ན།  །གསང་མཆོག་མཐར་ཐུག་སུམ་བརྒྱ་དྲུག་ཅུའི་ལྷ།  །སྒོ་སྲུང་རྒྱལ་ཆེན་བཞི་བཅས་དངོས་སུ་བཞུགས།  །སྔོན་ཚེ་རྣམ་འདྲེན་དགྲ་བཅོམས་གཤེན་རབ་ཀྱིས།  །ཀླུ་འདུལ་ཁྱུང་དུ་སྤྲུལ་པའི་ཞབས་རྗེས་ཡོད།  །ཕོ་ཉ་མགྱོགས་བྱེད་ཡུམ་སྲས་སྡེ་ལྔ་བཞི།  །མཁའ་འགྲོ་སྤྱང་གདོང་གླག་གདོང་སེང་གེའི་གདོང་།  །ཁྲ་གདོང་དོམ་གདོང་ལྔ་ཡི་ལས་བྱེད་པའི།  །གྲུ་གསུམ་ཧོམ་དང་ཁ་སྲུང་ལས་མཁན་ཡོད།  །ལྷོ་ཡི་རྡོ་ལ་སྟོང་རྒྱུང་མཐུ་ཆེན་བདག  །མཁའ་ལ་འཕུར་ཤུལ་བྲག་ལ་ཟང་ཐལ་ཡོད།  །མཚོ་སྨན་མཁའ་འགྲོ་མ་ཡིས་གྲོགས་བྱེད་པའི།  །བདེ་སྟོང་ཡེ་ཤེས་བསྐྱེད་པའི་གསང་ཕུག་ཡོད།  །རྡོ་ལ་མེ་འབར་ས་བདག་འདུལ་བ་ཡོད།  །བྲག་གི་ངོས་ལ་ཧཱུཾཿཡིག་མཚལ་བྲིས་ཡོད།  །མཚོ་སྨན་མཁའ་འགྲོའི་ཚོགས་ཀྱི་བྲོ་ར་ཡོད།  །བོད་ཡུལ་གཡེན་ཁམས་འདུལ་བའི་གསང་ཕུག་ཅེས།  །སྟོང་རྒྱུང་བདག་གི་ཞབས་རྗེས་བཞི་བསྣོལ་ཡོད།  །མངའ་བདག་རྒྱལ་པོའི་དྲེགས་སེམས་འདུལ་བ་ཡི།  །རིན་ཆེན་བྲག་ལ་མེ་རི་འབར་བ་ཡོད།  །གཞན་ཡང་རིག་འཛིན་མཁས་བཞི་གྲུབ་ཆེན་བརྒྱད།  །ཞང་ཞུང་གྲུབ་ཐོབ་ཚོགས་ཀྱི་ཞབས་རྗེས་རེ།  །རྩལ་འགྲན་བྲོད་ཚད་སྟོན་པའི་ཚུལ་དུ་ཡོད།  །ཆབ་དཀར་ཆབ་ནག་སྔགས་ཀྱི་རྒྱུད་སྡེ་དང་།  །ཞང་ཞུང་ཛྭ་ཐིས་དགྲ་བླའི་གསང་སྒྲུབ་སོགས།  །ཕ་བོང་རུ་སྦལ་འདྲ་ལ་གཏེར་དུ་ཡོད།  །སྟོང་རྒྱུང་ཐུགས་ཐིགས་མཁའ་འགྲོའི་གསང་སྒྲུབ་དང་།  །རླུང་སྦྱོར་ལག་ལེན་དང་བཅས་གཏེར་དུ་ཡོད།  །མཁས་བཞིའི་ཕྱག་བྲིས་ཉི་ཁྲི་ཆུ་རྒྱུན་འབུམ།  །རྫོགས་ཆེན་གསང་མཛོད་དང་བཅས་གཏེར་དུ་ཡོད།  །མཚོ་སྨན་མཁའ་འགྲོ་གྲུབ་པ་ཐོབ་པའི་རྗེས།  །སྟོང་རྒྱུང་ཞབས་རྗེས་ལོ་བརྒྱད་ན་ཚོད་ཡོད།  །གཞན་ཡང་བཀའ་རྟགས་རང་བྱོན་བསམ་འདས་ཏེ།  །དུས་མཐའི་འགྲོ་བས་དག་སྣང་བྱེད་པ་དཀོན།  །དེའི་ཕྱིར་མདོ་ཙམ་མ་གཏོགས་ངས་མ་བསྟན།  །སྐལ་ལྡན་བུ་ཡི་དུས་ལ་བབས་ཕྱིར་སྟོན།  །མཁའ་འགྲོའི་བཀའ་ཡི་གསང་ཚིག་ཉེར་ལྔ་འདི།  །མ་འོངས་ལུང་གི་གནད་རྣམས་འདུས་པ་ཡི།  །སྐལ་ལྡན་ཁྱེད་དང་སྐབས་བབས་གཤེན་གྱིས་ཁྲོལ།  །བྱང་གི་ཕྱོགས་ནས་དུ་མུན་འཁྲིགས།  །དབུས་ཀྱི་ལྷ་ལྡན་ཅུང་ཙམ་འཁྲུགས།  །འབྲས་དཀར་སྤུངས་ལ་རོ་དམར་བརྩེགས།  །སེ་རའི་མདོ་ལ་མགོ་དམར་ཆགས།  །སྡེ་དགེའི་ཡུལ་དུ་གྲི་འཁྲུགས་འབྱུང་།  །གཙང་གི་ཕྱོགས་སུ་མུ་གེ་ལངས།  །མངའ་རིས་བ་མོའི་སྒམ་དུ་ཚུད།  །ཤིང་གི་རོང་ནས་སྙུག་རྒོད་རྒྱས།  །རྐོང་ཡུལ་དམག་གི་ལྡུམ་ར་བཅའ།  །ཧོར་ཡུལ་ཞྭ་དཀར་བསྟན་པ་དར།  །ལྷ་ལྡན་ནོར་བུ་དེ་ལ་འབྱུང་།  །ཁྱུང་ཡུལ་ཚོང་གི་གྲོང་ཁྱེར་ཆགས།  །མོན་ཡུལ་ཕྱོགས་ནས་དུ་ནག་འཕྱུར།  །བལ་པོའི་ཡུལ་ནས་བོན་བསྟན་རྒྱས།  །མདོ་ཁམས་སྨད་དུ་དབེན་རི་བཟུང་།  །བསྟན་པའི་སྙིང་པོ་ཅུང་ཙམ་གནས།  །འབྲུག་གསས་ཁྲོ་བོའི་སྒྲུབ་པ་དང་།  །སྲིད་རྒྱལ་དྲེལ་དམར་ཚོགས་འབུམ་གསུམ།  །བོན་རིའི་གནས་སུ་འབྲུག་གསས་སྐུ།  །ཁྲུ་ནི་བཅུ་གསུམ་ཚད་ཅན་བཞེངས།  །དེ་ཡིས་དུས་ཀྱི་རྒུད་པ་ཞི།  །གནས་ཆེན་གནམ་མཚོ་ཕྱུག་མོ་འདིར།  །སྐོར་བ་གསུམ་གྱིས་ལས་སྒྲིབ་བྱང་།  །སྐོར་བཅུས་མཚམས་མེད་ལྔ་ཡང་དག  །ཚོགས་འབུལ་བསོད་ནམས་ཚོགས་ཆེན་རྫོགས།  །ཞལ་མཇལ་ཡི་དྭགས་སྐྱེ་སྒོ་ཁེག  །ཁྱད་པར་གནས་འདི་རིན་ཆེན་དབྱིག  །ཅི་བཞིན་ཀུན་གྱི་མཆོག་གྱུར་ཡིན།  །དག་སྣང་བློ་ཡིས་འདུད་བྱས་ན།  །འདི་འདྲ་ཨུ་དུ་འདབ་བཞིན་དཀོན།  །སྐལ་ལྡན་བུ་དང་སྟོང་རྒྱུང་ང་།  །ཚེ་རབས་མཇལ་བའི་སྨོན་ལམ་ཡོད།  །འདི་ལ་མོས་ཤིང་ཡིད་ཆེས་ནས།  །ཚུལ་བཞིན་སྒྲབ་པའི་གང་ཟག་རྣམས།  །དུས་རྒུད་སྲོག་གི་འཚེ་བ་ཐར།  །སྐྱེ་བ་གཅིག་ནས་ཚོགས་ཞིང་བགྲོད།  །ཅེས་གསུངས་གར་སོང་མེད་པར་ཡལ།  །བདག་གི་མལ་ནས་དབྱངས་ཀྱིས་བོས།  །ཐུན་མིན་རྟོགས་པ་རྒྱུད་ལ་འབྱང་།  །དཀར་ཆག་འདི་ཉིད་མཐོང་ཐོས་འགྲོ།  སྒྲིབ་སྦྱོང་ཚོགས་གཉིས་རྫོགས་པ་དང་།  །མངོན་པར་རྫོགས་སངས་རྒྱས་པར་ཤོག  །ཅེས་གནམ་མཚོའི་དཀར་ཆག་དགོས་ཞེས་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་འོད་ཟེར་སྦྱིན་པ་ཕུན་ཚོགས་ནས་ཡང་ཡང་བསྐུལ་ངོར་དབེན་གནས་ཤར་རྫའི་རི་ཁྲོད་ཀྱི་ས་གནས་བྱིན་རླབས་ཁྱད་པར་འཕགས་པའི་རབ་ཞི་འོད་གསལ་སྟེང་གི་རང་ཤག་རིག་སྟོང་ངོ་མཚར་མཇལ་བའི་ཁང་བཟང་དུ་རྫོགས་ཆེན་རྩ་རླུང་འདུག་སྐབས་ཐོ་ཐུན་གྱི་དུས་སུ་སྟོང་རྒྱུང་མཇལ་སྣང་དངོས་སུ་བྱུང་ཞིང་ཞལ་གསུང་གི་གདམས་པ་བྱིན་རླབས་ཅན་ཐུན་མཚམས་སུ་ཐུགས་སྲས་ཡེ་ཤེས་ཉི་མས་ཡི་གེར་བཀོད་པའོ།    

རིག་འཛིན་ཀུན་བཟང་བསྟན་འཛིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།