༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དགོན་གནས། > 1 གནས་རི།
1 གནས་རི།
ཅོང་རི་གནས་ཀྱི་དཀར་ཆག་གསང་བ་པད་མའི་རྒྱ་ཅན་ཞེས་བྱ་བ་བཞུག་སོ།།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-28] [རྩོམ་པ་པོ།:སྙིགས་བུ་བ་མུ་ལ་རང་གྲོལ་རྩལ།] [གཟིགས་ཐེངས:]

20140830092636325.jpg

ཅོང་རི་གནས་ཀྱི་དཀར་ཆག་གསང་བ་པད་མའི་རྒྱ་ཅན་ཞེས་བྱ་བ་བཞུག་སོ།།

འབད་རྩོལ་ཀུན་བྲལ་གཞི་དབྱིངས་སྟོང་ཆེན་ཀློང་།
མ་འགག་རང་ཤར་ལྷུན་གྲུབ་སྣང་ཆ་ལས།
མངོན་སུམ་ཤར་བའི་དཀྱིལ་འཁོར་བགྲང་ཡས་པ།
ཡི་དམ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ།།

     ༈ དུས་མཐའི་ཐོས་ཆུང་ནམ་མིང་བདག དབེན་གནས་ཅོང་རིའི་གསང་ཁྲོད་དུ། ནུབ་གཅིག་ཉལ་བའི་འོད་གསལ་ལས། རྟོག་ཚོཌ་བྲལ་བའི་རང་རིག་ཀློང་། སྟོང་སྒྲ་རང་བཞིན་མེད་པར་གྲགས། རང་གིས་རང་ལ་བལྟས་པ་ཡིས། རང་གདང་རང་ཤར་ཌཀི་མ། སྔོན་མོ་ཞལ་གཅིག་ཕྱག་གཉིས་ཅན། གཡོན་པས་གླེགས་བམ་སྔོན་པོ་འཛིན། རིན་ཆེན་རུས་པའི་རྒྱན་དྲུག་གསོལ། ཞལ་ནས་མགུལ་དབྱང་འཁྲོལ་བཞིན་དུ། བདག་གི་མདུན་དུ་ལམ་མེར་བྱུང་།  གསེར་གྱི་ལྡེ་མིག་ཐེང་གསུམ་བསྐོར། གཡུ་ཤོག་སྔོན་པོ་མཐོ་གང་ལ། བརྡ་རིས་དམར་པོའི་ཡིག་ཕྲེང་གསུམ། གསལ་བའི་བཀའ་ཤོག་བདག་ལ་གནང་། བདག་གིས་རིག་གདང་ཏིང་འཛིན་ངང་། བརྡ་ཡི་ཡི་གེ་བལྟས་པ་ཡིས། ཞང་ཞུང་སྨར་གྱི་ཡི་གེ་ལས། མ་མ་ཌཀི་ཧྲི་ཡ་ཛ། སྣང་ཆའི་རྟེན་འབྲེལ་ལས་བྱུང་བ། ངེས་གསང་གནས་ཡིག་དཀར་ཆག་འདི། ཟབ་མོ་དགོང་པའི་བརྡ་ལས་བཀྲོལ། སརྦ་ཨུ་ཡ།། རྒྱ་རྒྱ་རྒྱ།།
     ཞེས་འདི་ཚར་གསུམ་བཏོན་པའི་མཚམས། སྣང་ཁམས་འོད་ཀྱི་རྒྱ་རལ་ནས། ཟག་བྲལ་ཡེ་ཤེས་སྣང་ཆ་ལས། གནས་ཀྱི་ཕྱི་ནང་བཀོད་པ་རྣམས། མ་ལུས་བདག་ལ་ལམ་མེར་གསལ། དབུས་རི་རིན་ཆེན་འབར་བ་འདྲ། ཕྱོགས་བཞིར་ཞི་རྒྱས་དབང་དྲགས་གསལ། ནང་དུ་རིན་ཆེན་གཞལ་མེད་ཁང་། ཟླུམ་འཁྱིལ་ཡེ་ཤེས་མཐོང་ཁུང་ཅན། དེ་དབུས་རིན་པོ་ཆེ་ཡི་ཁྲི། སེང་གླང་རྟ་འབྲུག་ཁྱུང་གིས་སྤྲས། ཉི་ཟླ་པད་གདན་རང་གསལ་དབུས། ཞི་བ་མ་པང་དབྱིང་ཆེན་ལ། ཞི་བའི་ལྷ་ཚོགས་བསྐོར་བར་བཞུགས། སྒོ་བཞི་མཁའ་འགྲོ་མ་བཞིས་སྲུང་། ཕྱོགས་བཞི་ཞི་རྒྱས་དབང་དྲགས་ལ། རིགས་བཞིའི་གསང་ཕུར་ལྷ་ཚོགས་རྣམས། མངོན་གསུམ་ལྷ་རུ་གསལ་བར་འདུག སྔོན་ཚེ་རྫོགས་ལྡན་དུས་ཤིག་ན། བསྔགས་བསྟན་དབུ་བརྙེས་བསྟན་པའི་དུས། གསང་བདག་འཆི་མེད་གཙུག་ཕུད་ཀྱིས། སྐུ་གསུང་ཐུགས་གསུམ་སྤྲུལ་པ་ལས། དཀྱིལ་འཁོར་སུམ་བརྒྱ་བརྒྱད་ཅུ་བཀོད། ཕྱོཌ་བཞིར་འོད་ཟེར་གྲངས་མེད་སྤྲོས། སོག་ཀ་ཡུལ་གྱི་ཕྱོགས་བཞི་ན། འོད་ཟེར་རིགས་བཞི་བབས་པ་ཡིས། ཤར་ཕྱོགས་འགྱུར་མེད་་གཡུང་དྲུང་གཏམ། ཞི་བ་མ་པང་དབྱིང་ཆེན་གནས། གསང་བྲག་གཡུང་དྲུང་ཤེལ་རི་འམ། ཅོང་རི་བྲག་དཀར་ཞེས་སུ་འབོད། ཐུན་མོངས་འགྲོ་བའི་སྣང་ཚོད་དུ། ཕྱི་ལྟར་མི་འགྱུར་རྟགས་བཞི་ཡོད། དབུས་ཀྱི་བྲག་དཀར་རྩེ་རྫོང་ལ། མ་པང་དབྱིང་ཆེན་རང་བྱོན་ཡོད། ཤར་གྱི་གསང་བྲག་ཐོད་པའི་དབྱིབས། གཡུང་དྲུང་གཡས་སྐོར་འབུར་དོད་ཡོད། བྱང་གི་གསང་ཕུག་མི་མེན་འདུ། དུས་བཟང་རོལ་མོ་སྒྲོགས་པ་ཡོད། ནུབ་ཀྱི་བྲག་དམར་ཕུར་པའི་དབྱིབས། ཕུར་པ་གསང་ཁྲ་བཅུད་དྲིལ་དང་། གནམ་ལྕགས་ཕུར་པ་ཆ་ལྔ་ཡོད། ལྷོ་ཡི་བྲག་དཀར་མེ་རིའི་དབྱིབས། ཕུར་པའི་བསྙེན་འཛབ་རང་བྱོན་དང་། འོད་ཀྱི་མཐོང་ཁུང་གསལ་བའི་ནང་། ཞི་བའི་ལྷ་ཞལ་མཇལ་ཆོག་ཡོད། བྱང་ཤར་སེང་གཟུགས་འདྲ་བའི་བྲག བླ་ཆེན་དྲན་པའི་ཕྱག་བྲིས་ཀྱི། ཨ་དཀར་འོད་དང་ལྡན་པ་ཡོད། བྱང་ནུབ་བྲག་ཟླུམ་གྱེན་ལངས་ལ། མཁས་བཞིའི་ཞབས་རྗེས་གསལ་བར་ཡོད། ལྷོ་ནུབ་བྲག་རྡོ་སྔོ་ནག་ལ། འོད་ལྡན་མཁའ་འགྲོའི་སྐུ་རྗེས་ཡོད། ལྷོ་ཤར་བྲག་གི་ཀེ་ཚང་དུ། ཟ་རང་མེ་འབར་དབུ་རྗེས་ཡོད། དབུས་ཀྱི་རི་ཡི་རྩེ་མོ་ན། དཔལ་མོ་སྒྲོན་གསལ་ཞབས་རྗེས་ཡོད། དབུས་རིའི་གཡས་མདུན་མི་འགྱུར་བྲག གྲུ་བཞིའི་དབྱིབས་དང་ལྡན་པ་ལ། ཟབ་གཏེར་ཉི་ཤུ་རྩ་ལྔ་ཡོད། དེའི་གཡས་ཕ་བོང་ལྗང་ནག་ལ། ཧཱུྃ་ཡིག་དཀར་པོའི་རང་རྟགས་ཅན། བྷེ་རོའི་ཕྱག་སིལ་གསེར་གཤང་དང་། མཁའ་འགྲོའི་དབུ་སྐྲ་ཉག་མ་བརྒྱ། རྫོགས་པ་དབྱིངས་ཆེན་ལྟ་བའི་རྒྱུད། པོད་ཏི་བརྒྱད་དང་གསང་བའི་རྫས། དྲན་པའི་སྒྲུབ་རྫས་མྱོང་གྲོལ་སོགས། ཟབ་མོའི་གཏེར་ཁ་འདི་ན་ཡོད། གནས་ཀྱི་གཡས་མདུན་དུར་ཁྲོད་ནི། མཁའ་འགྲོ་འདུ་བའི་ཚོགས་ར་སྟེ། ས་འོག་དཔག་ཚད་གཅིག་གི་གནས། ངོ་མཚར་འོད་ལས་གྲུབ་པ་ཡི།
འབྲུག་གསས་ཁྲོ་བོའི་དཀྱིལ་འཁོར་ཡོད། ལས་དག་ས་ཐོབ་སེམས་དཔའ་དང་། སྤྲུལ་པའི་རིག་འཛིན་གཤེན་རྣམས་ཀྱིས། མངོན་སུམ་ས་ལེར་མཐོང་བ་ཡོད། དེ་ཡི་བྱང་ཕྱོགས་བྲག་དཀར་ནི། གླང་པོ་ཆེ་ཡི་སྣ་འདྲ་ལ།  མཆོག་སྤྲུལ་ནམ་མཁའ་རིན་ཆེན་གྱི། ལྷོ་ཡི་རི་མགོར་ཕ་བོང་ནི། རུས་སྦལ་ས་ལ་གབ་པ་འདྲ། སྲིད་པ་གཡང་གི་འབུམ་བཞི་དང་། རིན་ཆེན་སྣ་ལྔའི་ཟབ་གཏེར་ཡོད། བཀའ་རྟགས་བྷེ་རོའི་ཕྱག་མཛུབ་རྗེས། ཧམ་ཀ་ཞེས་པ་གསལ་བར་ཡོད། མི་ནད་ཕྱུགས་གོད་ཞི་བ་ཡི། བྱིན་རླབས་ཁྱད་པར་འཕགས་པ་ཡིན། འདི་ནས་མ་འོང་དུས་ཀྱི་ཆར། ལོ་གསུམ་གདོང་དམར་སྤྲེལ་བུའི་དུས། གནས་འདིར་རང་གཏེར་སློང་བ་འབྱུང་། འདུས་སྡེ་སུམ་བརྒྱ་འཕེལ་བར་འབྱུང་། རྒྱ་ཡི་བྱིས་བུའི་གསེར་མདང་འཕྲོག གནམ་གྱི་སྒོ་ཁྱིས་རང་སོ་སྟོན། ཤར་གྱི་ཞྭ་ཁྲ་ལྷོ་མདས་བསྣུབས། ཟབ་དཀར་སྔགས་ཀྱི་འདུས་སྡེ་དར། སུམ་རྩེན་རང་གྲོལ་ཐིག་ལེ་བརྡོལ། ཞྭ་དཀར་གླིང་བཞིའི་མཐོངས་སུ་གསལ། དེ་དུས་ངེས་པའི་ཐུགས་སྲས་ཁྱོད། སྨོན་ལམ་བསྟན་འགྲོའི་དོན་སྨིན་སྟེ། ཟབ་གཏེར་བདུན་གྱི་སྐལ་པ་བླངས། དཀར་ཆག་ཌཀི་བརྡ་ཡི་ཡིག གཏོང་བཞག་སྐལ་ལྡན་བློ་ཡིས་ཟུངས། སྨོན་ལམ་བཀའ་རྒྱ་ཞག་ཉེར་གཅིག དེ་ནས་ཕྱོགས་མེད་སྤེལ་བར་གྱིས། གནས་འདིར་བསྙེན་སྒྲུབ་གང་བྱས་ཀྱང་། གེགས་རྐྱེན་གོལ་ས་མ་ལུས་ཞི། ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། རྣམ་སྨིན་ཚེ་དབང་རྣམ་གཉིས་ཐོབ། སྐོར་བ་བཅུ་གསུམ་ཚད་འདས་ན། དུས་གསུམ་ཕ་མའི་དྲིན་ལན་སོབས། སྐོར་བརྒྱས་ངན་སོང་འཇིག་སྒོ་གཅོད། སུམ་བརྒྱས་ཐོད་པ་སླར་མི་ལེན།  མ་པང་ཞི་བའི་ལྷ་ཞལ་མཇལ། འདི་འདྲའི་གསང་གནས་ཁྱད་འཕགས་ཀྱི། དཀར་ཆག་ངེས་གསང་པད་མའི་རྒྱ།  རང་གྲོལ་རྩལ་གྱིས་བརྡ་ལས་བཀྲོལ། སརྦ་ཨུ་ཡ་ཐ་ཚན་སྨར། དེ་ནས་བདག་མདུན་མཁའ་འགྲོ་མ། ནུབ་ཀྱི་ཕྱོགས་སུ་རང་ཡལ་སོང་། རང་ཡང་མལ་ནས་གཉིད་སད་དེ། ལྟ་སྒོམ་རྩོལ་མེད་ཧ་རེར་གནས། སླར་ཡང་གྲོགས་ཀྱིས་བསྐུལ་མ་བཞིན། རང་རིག་ཀློང་ནས་གསང་རྒྱ་བཀྲོལ། བསྟན་འགྲོའི་དཔལ་དུ་སྨིན་གྱུར་ཅིག
     ཅེས་ཅོང་རིའི་གནས་ཀྱི་དཀར་ཆག་གསང་བ་པད་མའི་རྒྱ་ཅན་འདི་ཉིད། ཅོང་རིའི་མཚམས་པ་གར་ཚ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་གསུང་བསྐུལ་ཡང་ཡང་གནང་བས། སྙིགས་བུ་བ་མུ་ལ་རང་གྲོལ་རྩལ་གྱིས། རིག་ཀློང་ཡེ་ཤེས་ཀྱི་བརྡ་ལས་བཀྲོལ་བའོ།། དགེའོ།། བཀྲ་ཤིས་སོ།།

སྤྱི་ལོ ༢༠༡༤/༦/༢༩  བོད་ཟླ ༥/༡ ལ་ཕབས་སོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།